ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་ནག་གིས་ཐེ་ཝན་པ་ཞིག་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག


རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཆབ་སྲིད་ལས་འགུལ་བ་དབྱང་ཀྲི་ཡོན་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད།
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཆབ་སྲིད་ལས་འགུལ་བ་དབྱང་ཀྲི་ཡོན་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད།

༄༅།། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཆབ་སྲིད་ལས་འགུལ་བ་དབྱང་ཀྲི་ཡོན་(Yang Chih-yuan)་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཕྱི་ཟླ་༩་པའི་ཚེས་༦་ཉིན་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཝེན་ཀྲུག་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་གིས་ཐེ་ཝན་པ་དེར་ལོ་དགུའི་བཙོན་འཇུག་གི་བཅད་ཁྲ་བསྒྲགས། རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་གིས་དབྱང་ཀྲི་ཡོན་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མེད་ཀྱང་དོ་བདག་ལ་ཐེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་བ་དང་མཚོ་གླིང་དེ་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་རྒྱུའི་འབད་བརྩོན་བྱས་པ་རེད་ཅེས་ནག་ཉེས་བཙུགས། ༡༩༧༡་ལོར་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཁོངས་ནས་ཕྱིར་འཐེན་བྱས་པ་དང་གོ་མིན་ཏང་གི་གདན་ཐོབ་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཐོབ།།

སྔ་ལོ་ཐེ་ཝན་གྱི་སྲིད་བློན་ཟུར་པ་ཁྲེན་ཅན་རེན་
སྔ་ལོ་ཐེ་ཝན་གྱི་སྲིད་བློན་ཟུར་པ་ཁྲེན་ཅན་རེན་

༢༠༢༢་ལོར་ཐེ་ཝན་པ་དབྱང་ཀྲི་ཡོན་རྒྱ་ནག་གི་ཝེན་ཀྲུག་གྲོང་ཁྱེར་དུ་འཛིན་བཟུང་བྱས་ཤིང་། སྔ་ལོ་ཐེ་ཝན་གྱི་སྲིད་བློན་ཟུར་པ་ཁྲེན་ཅན་རེན་(Chen Chien-jen)་གྱིས་རྒྱ་ནག་ལ་དབྱང་ཀྲི་ཡོན་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས། དབྱང་ཀྲི་ཡོན་རྒྱ་ནག་ཏུ་བསྐྱོད་དོན་ཅི་ཡིན་ཤེས་ཀྱི་མེད་ཀྱང་ལོ་དེའི་འགོ་སྟོད་དེར་རྒྱ་ནག་ཏུ་བསྡད་ཡོད་ཅིང་། ཁོ་པ་ཐེ་ཝན་དུ་ཡོད་པའི་སྐབས་སུ་སྲིད་དོན་ཚོགས་པ་ཆུང་གྲས་ཤིག་རྩ་འཛུགས་བྱེད་མཁན་གྲས་སུ་འདུས། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོས་དབྱང་ཀྲི་ཡོན་གྱིས་ཁྲིམས་འགལ་སྲིད་ཚོགས་པ་བཙུགས་ཏེ་ཐེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་བའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་པ་རེད་ཅེས་གསར་འགྱུར་སྤེལ།།

ཁ་སང་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་ལེང་ཝེན་ཇཱེས་(Liang Wen-chieh)་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐེ་ཝན་མི་དམངས་ས་ཡ་༢༣་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། ཐེ་ཝན་པ་ཚོས་མཚོ་འགག་བརྒལ་ནས་རྒྱ་ནག་ལ་བསྐྱོད་རྒྱུར་བསམ་བློ་གཏོང་ཟབ་གཏོང་དགོས་ཞེས་ནན་གྱིས་བསྐུལ། རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་ཀྱང་ཐེ་ཝན་པ་ཞིག་ལ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག་པ་ཐེངས་དང་པོ་ཡིན་ཞིང་། ཐེ་ཝན་གཞུང་གིས་མཚོ་གླིང་དེའི་སྤྱི་དམངས་ཚོ་རྒྱ་ནག་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་མཉམ་འབྲེལ་བྱ་རྒྱུར་འཛེམ་ཟོན་བྱ་དགོས། ཐེ་ཝན་གྱི་ཚོང་པ་ཚོས་རྒྱ་ནག་གཅིག་པུར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་ཐབས་མཁས་ཤིག་མ་རེད་ཅེས་ཉེན་བརྡ་བཏང་འདུག

ཕྱི་ཟླ་༩་པའི་ཚེས་༥་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གཞུང་གི་མགྲིན་ཚབ་པ་ཤེ་ཙི་ཧན་(Julia Hsieh)་ནས་རྒྱ་ནག་གིས་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་ཡོད་པ་འགེབས་ཐབས་སུ་སྲིད་ཇུས་སྣ་ཚོགས་ཤིག་ལག་ལེན་བསྟར་གྱི་འདུག དཔེར་ན་ཐེ་ཝན་གྱི་ཚོང་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་མཁན་ཚོ་བློ་འགུགས་བྱེད་པའམ། ཡང་ན་ཁོ་ཚོར་ཚོང་ལས་དང་སྒེར་གྱི་ཁེ་ཕན་སྤྲད་ནས་ཞིན་ཅང་གི་ཡུ་གུར་བ་ཚོ་སྐྱིད་པ་ཡིན་པ་དང་དཀའ་ངལ་མེད་པ། རྒྱ་གཞུང་གི་ལྟ་བ་དང་སྲིད་ཇུས་ལ་མཐུན་པའི་བཟང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་དུ་འཇུག་གི་འདུག ཐེ་ཝན་པ་ཚོས་རང་གི་བདེ་འཇགས་དང་སྙན་གྲགས་བཅས་ལ་གནོད་སྲིད་པར་གཟབ་དགོས་ཞེས་ནན་བརྗོད་བྱས་འདུག

ཐེ་ཝན་གྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཞིག་གིས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་འགོ་ཁྲིད་པའི་ཚོང་པའི་སྐུ་ཚབ་ཚོགས་པ་ཞིག་ཟླ་བ་འདིའི་ཚེས་༡༩་ཉིན་ཞིན་ཅང་ལ་བསྐྱོད་འཆར་འདུག ཟླ་བ་སྔོན་མ་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཚོང་པ་ཚོ་ཞིན་ཅང་ལ་ཁྲིད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཡུ་གུར་མི་རིགས་རྩ་མེད་གཏོང་གི་འདུག ཡུ་གུར་ས་ཡ་༢་ལྷག་བཙོན་དུ་བཅུག་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་འཛུགས་ཕོག་པ་འགོག་ཐབས་སུ་འབད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་པ་ཚོར་ཞིན་ཅང་དུ་བཟོ་གྲྭ་བཙུགས་ནས་ཚོང་ལས་གཉེར་ཆོག་པའི་གོ་སྐབས་སྤྲད། དེ་ནི་ཞིན་ཅང་གི་སྲིན་བལ་གྱི་ཐོན་སྐྱེད་རྣམས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱ་རྒྱུའི་དོན་དུ་རེད་ཅེས་བཀྲལ།།

པྲོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས། རྒྱ་ནག་གི་འགོ་ཁྲིད་ཚོས་དཔལ་འབྱོར་དང་ཚོང་ལས་སླར་གསོ་བྱེད་པར་ཐེ་ཝན་གྱི་ཚོང་པ་ཚོ་འགུགས་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྣམ་པ་ཞིག་མངོན། གཟའ་མིག་དམར་ཉིན་ཨོག་ལན་ཌི་སློབ་གྲྭ་ཆེན་མོའི་གསར་འགོད་དང་སྤྱི་དམངས་འབྲེལ་ལམ་རིག་པའི་ཟུང་འབྲེལ་སློབ་དཔོན་སུ་ཅའོ་ནིང་(Su Chian-ning)་གིས་བཤད་པ་ལྟར་ན། ཐེ་ཝན་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཞིན་ཅང་གི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་ཡུ་གུར་བའི་བུ་མོ་མཛེས་མ་རྣམས་ཀྱི་འདྲ་པར་དང་བརྙན་ཐུང་བཀྲམ། རྒྱ་ནག་གཞུང་གིས་ཡུ་གུར་བའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྣམས་རྩ་མེད་གཏོང་གི་ཡོད་པ་སྦས་གསང་བྱས་ནས་རྒྱ་ནག་གི་དྲིལ་བསྒྲགས་ཁོ་ན་ཁྱབ་ཀྱི་འདུག ཐེ་ཝན་པ་ཚོ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲིལ་བསྒྲགས་ལ་མགོ་འཁོར་གྱི་ཡོད་པ་ཉེན་ཁ་ཞིག་རེད་ཅེས་བསྟན།།

ཐེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་པ་ལེང་ཝེན་ཇཱེས་སྤྱི་ཚོགས་ལ་ཤུགས་རྐྱེན་ཅན་ཚོས་ཞིན་ཅང་ནི་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ཡུལ་དང་མ་རྩ་བཙུགས་ནས་ཚོང་ལས་གཉེར་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་བརྙན་ཐུང་རྣམས་དྲྭ་ལམ་དུ་འགྲེམ་སྤེལ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་ཕྱིན་འདུག ང་ཚོས་ཐེ་ཝན་པ་ཚོ་ཞིན་ཅང་ལ་ཧེབ་ལངས་དགོས་དོན་ཅི་ཡིན་ཤེས་ཀྱི་མེད། དྲིལ་བསྒྲགས་ཁག་ཅིག་རྒྱ་ནག་གཞུང་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་བཀག རྒྱ་ནག་གིས་ཞིན་ཅང་ལ་ཡག་པོ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཐབས་ཤིག་ཡིན་པར་སྣང་། དེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ཞིན་ཅང་ནས་ཐོན་པའི་རས་ཆ་ནང་འདྲེན་བྱེད་ཀྱི་མེད་པ་རེད། ཞིན་ཅང་དུ་ཚོང་ལས་གཉེར་འདོད་ཡོད་པའི་ཐེ་ཝན་གྱི་ཚོང་པ་ཚོས་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བསམ་བློ་གཏོང་དགོས་ཞེས་བཤད་འདུག

ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་
ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་

ད་ལོའི་ཕྱི་ཟླ་༥་པའི་ནང་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་(Lai Ching-te)་ལས་ཁུར་བཞེས་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུ་སྔར་ལས་སྡུག་ཏུ་སོང་། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེ་རང་བཙན་འཐབ་རྩོད་པ་ཞིག་རེད་ཅེས་དགྲ་རུ་བརྩིས། རྒྱ་ནག་གིས་ཐེ་ཝན་མཐའ་སྐོར་ནས་དམག་སྦྱོང་བྱས་པ་དང་རྒྱལ་སྤྱིའི་ཐོག་ཏུ་མཚོ་གླིང་དེར་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་འབྲེལ་བ་གཅོད་དུ་བཅུག མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལྟ་བ་འཛིན་མཁན་ཚོར་རྒྱ་ནག་གཞུང་གིས་ལས་ཀ་དང་ཚོང་ལས། སློབ་སྦྱོང་གི་མཐུན་རྐྱེན་སྦྱར། རྒྱ་ནག་གི་ཕྱོགས་གཏོགས་པ་དང་གསང་ཉུལ་ཚོས་ཐེ་ཝན་གྱི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དཀྲོག་གཏམ་སྒྲོགས་པ་དང་གཞུང་དམངས་གཉིས་ལ་འགལ་ཟླ་སློང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG