༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་ནས་བཟུང་། ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་ཏུ་མཐུན་གྲོགས་བསྒྲིགས་པ་དང་དགྲ་ཟླར་གྱུར་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡག་ཏུ་བཏང་ནས་ཌོ་ནལ་ཊམ་ལ་ཁ་གཏད་གཅག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུའི་རྒྱལ་ས་ལི་མ་གྲོང་ཁྱེར་དུ་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་འདུ་དང་། གཟའ་འཁོར་འདིར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དུ་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་གིས་རང་ཉིད་ཌོ་ནལ་ཊམ་ལྟར་ཨ་མི་རི་ཀ་ཨང་དང་པོར་འཛིན་པའི་མི་ཞིག་མིན། ཁོ་པ་འཛམ་གླིང་གི་ཚོང་ལས་སྒྲིག་སྲོལ་ཁག་སྲུང་སྐྱོབ་བྱེད་མཁན་མི་བརྟན་པོ་ཞིག་ཡིན་པའི་རྣམ་པ་བསྟན།།
སྲིད་དོན་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། ཉེ་ཆར་རྒྱ་དཀར་ནག་གཉིས་སྡེ་བཟང་དང་བདེ་མཆོག་བཅས་ལ་དྭགས་ཤར་ཕྱོགས་ཀྱི་ས་གནས་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་། རྒྱ་ནག་གི་སྲིད་བློན་ལོ་བདུན་གྱི་རྗེས་སུ་ཨོ་གླིང་དུ་འཚམས་འདྲིར་བསྐྱོད། དེ་བཞིན་རྒྱ་ནག་གིས་ཉི་ཧོང་ལ་འབྲེལ་བ་ཡག་ཏུ་བཏང་སྟེ་མཚོ་ཟས་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་བྱུང་། རྒྱ་ནག་གིས་ཨ་རིའི་མཐུན་གྲོགས་སམ། ཨ་མི་རི་ཀར་འབྲེལ་བ་བཟང་པོ་ཡོད་པའི་རྒྱལ་ཁབ་ཁག་འགུགས་ཐབས་སུ་འབུངས། གལ་སྲིད་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་ཏེ་ཨ་རིའི་ཁེ་ཕན་གཙིགས་སུ་བཟུང་སྟེ་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་ཕྱིན་ན་རྒྱ་ནག་གིས་ཨ་རིའི་ཚབ་བྱས་ནས་འཛམ་གླིང་གི་འགོ་ཁྲིད་དུ་འགྱུར་ཐབས་བྱ་རྒྱུའི་ཁོག་རྩིས་རྒྱག་གི་ཡོད་པའི་གསར་འགྱུར་ཐོན་འདུག
ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་དང་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་འདུར་ཞུགས་པའི་ཕྱི་འབྲེལ་མི་སྣ་ཁག་དང་གྲོས་མོལ་བ་ཚོས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོའི་སྤྱོད་པར་འགྱུར་བ་ཆེན་པོ་ཞིག་ཐེབས་འདུག ཁོ་ཚོས་སྔར་བཞིན་རྒྱ་ནག་གི་ཁེ་ཕན་འབའ་ཞིག་དོན་གཉེར་བྱ་རྒྱུའི་ཚབ་ཏུ་ཐུན་མོང་གི་ཁེ་ཕན་སྒྲུབ་ཐབས་དང་ལས་དོན་ཆེ་ཁག་གི་ཐོག་ཏུ་གྲོས་མཐུན་ཡོང་ཐབས་བྱེད་ཀྱི་འདུག རྒྱ་ནག་གིས་ཕྱི་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་དེ་ཛ་དྲག་གི་དགོས་མཁོ་ཞིག་ཏུ་ཐུག་ཡོད་ཤས་ཆེ། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཨ་རིའི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཅད། རྒྱ་ནག་གི་ས་ཁང་ཚོང་ལས་མ་རྩ་བརྡིབས་ནས་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་ཆེ་རུ་འགྲོ་སྲིད་ཟེར།།
ཞིན་ཧྭ་གསར་འགྱུར་ལས་ཁང་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གིས་ལྷོ་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ་སོགས་འཛམ་གླིང་གི་ལྷོ་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཁག་ལ་རྒྱལ་སྤྱིའི་ཐོག་ཏུ་སྐད་ཆ་བཤད་སའི་སྡིངས་ཆ་བསྐྲུན་དགོས་པར་མ་ཟད། རྒྱལ་ཁབ་དེ་དག་རྒྱལ་སྤྱིའི་ལས་དོན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་སྟོབས་ཤུགས་ལྡན་པ་ཞིག་ཏུ་བསྒྱུར་དགོས། རྒྱ་ནག་གིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་བཞག་ཡོད་པའི་རྒྱལ་ཁབ་ཁག་གི་དངོས་ཟོག་ལ་སྒོ་ཁྲལ་གཏན་ནས་འགེལ་རྒྱུ་མིན་ཞེས་བསྒྲགས། ཨ་མི་རི་ཀས་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དོ་སྣང་བྱ་རྒྱུ་འཐུས་ཤོར་ཕྱིན་ཀྱང་རྒྱ་ནག་ལ་འབྲེལ་བ་རྒྱ་སྐྱེད་ཀྱི་གོ་སྐབས་ཐོབ། རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁུངས་ཁག་གིས་ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་མང་པོ་མ་རྩ་བཙུགས་ནས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་གཉེར། རྒྱལ་ཁབ་དེ་ཚོ་རྒྱ་ནག་གི་བུ་ལོན་ནང་དུ་ཚུད་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན།།
ཨ་རིའི་ཇཱེམ་སི་ཐེབས་རྩ་ཁང་གི་རྒྱ་ནག་ཉམས་ཞིབ་པ་སན་ཎི་ཀྲང་(Sunny Cheung)་གིས་བཤད་པ་ལྟར་ན། རྒྱ་ནག་གི་ལངས་ཕྱོགས་གཙོ་བོ་ནི་གོ་ལ་གཅིག་གྱུར་རིང་ལུགས་ལ་སྲུང་སྐྱོབ་དང་རང་ཁེ་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དེ་རེད། འཛམ་གླིང་གི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཌོ་ནལ་ཊམ་གྱིས་སྒོ་ཁྲལ་སྤར། སྔོན་ཆད་རྒྱལ་ཁབ་གང་གིས་ཨ་མི་རི་ཀར་དངོས་ཟོག་ཕྱིར་ཚོང་བྱེད་ཆོག་མིན་དབྱེ་བ་ཕྱེ་བའི་ལམ་ལུགས་དེ་སླར་གསོ་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཞིས་ཅིན་ཕིང་གིས་རྒྱ་ནག་ནི་ཟླ་གྲོགས་རྒྱལ་ཁབ་བརྟན་པོ་དང་བསམ་ཤེས་ཐུབ་པ། ལྷག་པར་དུ་བཟང་ལན་བཟང་འཇལ་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་ཡིན། ཨ་མི་རི་ཀ་ནི་ངེས་གཏན་མེད་པ་དང་བློ་ཁེལ་ཐུབ་པའི་ཟླ་གྲོགས་རྒྱལ་ཁབ་ཅིག་མ་རེད་ཅེས་ཨ་རྒྱ་གཉིས་ཀྱི་ཁྱད་པར་ཕྱེ། དཔལ་འབྱོར་ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་མི་ཐུབ་ཀྱང་བརྒྱ་ཆ་༤༠་སྤར་སྲིད་པའི་ཚོད་དཔག་བྱས་འདུག
རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་ཚོས་བཤད་པ་ལྟར་ན། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཚེ། རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འཚོང་བཞིན་པའི་དངོས་ཟོག་གི་འབོར་ཚད་དེ་འདྲ་ཞིག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཉོ་མི་ཐུབ་མོད། འོན་ཀྱང་ཞིས་ཅིན་ཕིང་གིས་རྒྱ་གར་དང་ཉི་ཧོང་། ཨོ་གླིང་དང་ར་ཤི་ཡ། ཨེ་ཤི་ཡ་དང་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཕྱིར་ཚོང་གི་ཁྲོམ་ར་བཙལ་ནས་ཨ་རི་དང་ཡུ་རོབ་ཀྱིས་སྒོ་ཁྲལ་སྤར་བའི་གྱོང་གུད་གསབ་ཐབས་བྱེད་ཀྱི་འདུག ཌོ་ནལ་ཊམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལའང་སྒོ་ཁྲལ་སྤར་རྒྱུའི་སྡིགས་ར་བསྐུལ། དེར་བརྟེན་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་གྲོས་མོལ་གྱི་རྗོད་ཚིག་འཇམ་དུ་བཏང་ཞིང་། འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་(Olaf Scholz)་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གཉིས་གློག་གི་རླངས་འཁོར་གྱི་ཚོང་ལས་ཐོག་ཏུ་རྩོད་པ་ཡོད་པ་མྱུར་དུ་ཐག་གཅོད་བྱ་དགོས་ཞེས་གསལ་བསྒྲགས་སྤེལ།།
༢༠༡༨་ནས་དབྱིན་ཇིའི་སྲིད་བློན་ཞིག་དང་རྒྱ་ནག་གི་འགོ་ཁྲིད་ཚོ་ཐུག་འཕྲད་བྱུང་མེད་ཀྱང་གཟའ་འཁོར་འདིར་དབྱིན་ཇིའི་སྲིད་བློན་སི་ཊར་མེར་(Keir Starmer)་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་། རྒྱ་ནག་དང་དབྱིན་ཇི་གཉིས་ཚོང་ལས་དང་དཔལ་འབྱོར། གནམ་གཤིས་དང་ཚན་རིག འཕྲུལ་རིག་དང་འཕྲོད་བསྟེན། ཤེས་ཡོན་སློབ་སྦྱོང་བཅས་ཀྱི་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུའི་འདོད་པ་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ཉམས་ཞིབ་པ་ཧྲེན་ཏིང་ལིས་(Shen Dingli)་ཌོ་ནལ་ཊམ་གྱིས་རང་ཁེ་གཙིགས་འཛིན་གྱི་སྲིད་ཇུས་ཤིག་འཛིན་གྱི་མེད་ན་ཡུ་རོབ་ཀྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་ཡོང་གི་མ་རེད་ཅེས་བཤད། རྒྱ་ནག་གིས་དྲང་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པས་ཨ་རི་སོགས་ཀྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས་པར་གྱུར།།
ཕྱི་ཟླ་༡༡་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་ལ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་ལུ་ལཱས་སྣེ་ལེན་གཟབ་རྒྱས་ཞུས། ༢༠༠༩་ནས་རྒྱ་ནག་ཨ་རིའི་གོང་དུ་ཤོར་ཏེ་བྷར་ཛིལ་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོའི་གོ་གནས་བཟུང་། ལོ་རྗེས་མའི་ཕྱི་ཟླ་དང་པོ་ནས་ཌོ་ནལ་ཊམ་གྱིས་སྲིད་དབང་འཛིན་གྱི་ཡོད་པས་བྷར་ཛིལ་དང་རྒྱ་ནག་གི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུའི་རྣམ་པ་ཞིག་མངོན། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་དང་བྷར་ཛིལ་གཉིས་ཀྱིས་ཡུལ་སྐོར་དང་ཞིང་ལས། བཟོ་ལས་དང་ཚན་རིག འཕྲུལ་རིག་དང་འཕྲོད་བསྟེན། རང་བྱུང་ནུས་ཤུགས་སོགས་ཀྱི་གྲོས་མཐུན་༣༧་ལ་མིང་རྟགས་བཀོད། བདུན་ཕྲག་སྔོན་མར་རྒྱ་ནག་གིས་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུའི་མཚོ་ཁ་ཞིག་ཏུ་ཨ་སྒོར་དུང་ཕྱུར་༡༣་མ་རྩ་བཙུགས་ནས་གྲུ་ཁ་ཞིག་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བཞག ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་སྣང་ཆུང་ཤོར་ཏེ་རྒྱ་ནག་ལ་འབྲེལ་བ་འཛུགས་པའི་གོ་སྐབས་ཐོབ་བོ།།