རྒྱ་ནག་གིས་ཐེ་ཝན་གྱི་གསང་ཉུལ་༡༠༠༠་ལྷག་རྩད་ཆོད་སོང་ཟེར།

༄༅།། རྒྱ་ནག་གི་གསང་བའི་ལས་ཁུངས་ནས་ཐེ་ཝན་གྱི་གསང་ཉུལ་༡༠༠༠་ལྷག་རྩད་གཅོད་ཐུབ་སོང་ཞེས་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༨་པའི་ཚེས་༡༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྐད་འཕྲིན་དྲྭ་ཚིགས་སུ་ཉེ་བའི་ལོ་ཤས་ཤིག་ནས་གསང་ཉུལ་གྱི་རིགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་སོ་པ་མང་པོ་རྩད་གཅོད་ཐུབ་སོང་། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་མུ་མཐུད་དུ་གསང་ཉུལ་འགོག་རྒོལ་བྱེད་ཀྱི་ཡོད། ཐེ་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོར་བཀྲམ་ཡོད་པའི་གསང་ཉུལ་དེ་དག་གིས་རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར་བྱེད་ཀྱི་འདུག ང་ཚོས་རྒྱ་ནག་གི་ཁྲིམས་ལྟར་གསང་ཉུལ་གྱི་ཚོགས་པ་ཁག་རྩ་མེད་དང་སོ་པ་ཚོར་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་སོགས་སྲུང་སྐྱོབ་དམ་པོ་བྱེད་ཀྱི་ཡོད་ཅེས་བསྒྲགས།།

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་དོན་ལས་འགུལ་བ་དབྱང་ཀྲི་ཡོན་(Yang Chih-yuan)་འཛིན་བཟུང་བྱས་པ་ཡིན། ཐེ་ཝན་རང་བཙན་གྱི་ལྟ་བ་འཛིན་མཁན་ཚོར་ཁ་བྲལ་གྱི་ནག་ཉེས་ཐོག་ཏུ་ཁྲིམས་ལ་སྦྱོར་གྱི་ཡོད་ཟེར། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཐེ་ཝན་པ་དབྱང་ཀྲི་ཡོན་ནི་རང་བཙན་གྱི་འགོ་ཁྲིད་ཅིག་རེད། ཁོ་པ་འཛིན་བཟུང་བྱས་ནས་རང་བཙན་གྱི་ལམ་དུ་སྐྱོད་བཞིན་པའི་ཁ་བྲལ་རིང་ལུགས་པ་ཚོར་ཕམ་ཉེས་ཆེན་པོ་བཏང་ཡོད་ཅེས་བཀྲལ། ༢༠༢༢་ལོའི་ཕྱི་ཟླ་༨་པའི་ནང་དབྱང་ཀྲི་ཡོན་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གྱི་ཝེན་ཀྲུག་གྲོང་ཁྱེར་དུ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་འཇུག་གི་ཡོད་པའི་དོགས་གཞིའི་འོག་བཀག་ཉར་བྱས་ཤིང་། ༢༠༢༣་ལོའི་ཕྱི་ཟླ་༤་པའི་ནང་ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱས་ནས་ཁ་བྲལ་གྱི་ནག་ཉེས་ཕོག

ཐེ་ཝན་གྱི་ལས་འགུལ་བ་ལི་མིང་ཀྲེ་

འཛམ་གླིང་གི་ས་ཁམས་ཆབ་སྲིད་ལ་འགྱུར་བ་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པའི་སྐབས་འདིར་ཐེ་ཝན་པ་ཞིག་ལ་རྒྱ་ནག་གི་ཁྲིམས་ཁང་གིས་ཁ་བྲལ་གྱི་ནག་ཉེས་བཙུགས་པ་ཐེངས་དང་པོ་ཡིན་ཞིང་། ལོ་ཤས་གོང་དུ་རྒྱ་ནག་སྐམ་ས་ཆེན་མོར་ཐེ་ཝན་པ་ཚོར་ཁྲིམས་འགལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག་པ་འགའ་ཞིག་བྱུང་ཡོད་པ་སྟེ། ༢༠༢༢་ལོར་རྒྱ་ནག་གིས་ཐེ་ཝན་གྱི་ཉམས་ཞིབ་པ་ཀྲེང་ཡུའི་ཅིན་(Cheng Yu-chin)་ལ་སོ་པའི་ནག་ཉེས་བཙུགས་ནས་ལོ་༧་གྱི་བཙོན་འཇུག་ཁྲིམས་ཐག་བཅད། དེ་བཞིན་ཐེ་ཝན་གྱི་ལས་འགུལ་བ་ལི་མིང་ཀྲེ་(Lee Ming-che)་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ལོ་༥་ལ་བཙོན་དུ་བཅུག་སྟེ་༢༠༢༢་ལོར་བཙོན་བཀྲོལ་ཐོབ། ༢༠༡༩་ལོར་ཐེ་ཝན་གྱི་ཚོང་པ་ལི་མེང་ཀྲུ་ཡིས་ཧྲེན་ཀྲེན་གྲོང་ཁྱེར་དུ་དྲག་ཆས་ཉེན་རྟོག་ཚོ་པར་བརྒྱབ་སྟེ་རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར་བྱེད་ཀྱི་འདུག་ཅེས་ལོ་༢་ལ་བཙོན་དུ་ཚུད། ཏོག་དབྱིབས་ནད་ཡམས་ཁྱབ་ནས་ལི་མིང་ཀྲེ་༢༠༢༣་བར་དུ་ཐེ་ཝན་ལ་ཕྱིར་ལོག་མ་ཐུབ།།

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་སྲིད་དབང་བཟུང་ནས་བཟུང་། རྒྱ་ནག་གཞུང་གིས་ལེ་ཆིང་ཏེ་ཁ་བྲལ་རིང་ལུགས་པ་ཞིག་རེད། ཁོ་པས་ཐེ་ཝན་ལ་དམག་འཁྲུག་བསླངས་ནས་མཚོ་འགག་ཕྱོགས་གཉིས་ལ་ཆག་སྒོ་འབྱུང་དུ་འཇུག་ཤས་ཆེ། ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པ་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན། རྒྱ་ནག་གིས་དམག་རྒྱག་དགོས་ཀྱང་འཛེམ་ཟོན་མེད་ཅེས་སྡིགས་ར་བསྐུལ། ཨ་མི་རི་ཀས་ཐེ་ཝན་རང་བཙན་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་དེ་རྒྱུན་འཁྱོངས་བྱ་དགོས་ཞེས་ལངས་ཕྱོགས་བཟུང་། སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་ལ་གྲོས་མོལ་བྱེད་འདོད་ཡོད། ཐེ་ཝན་མཚོ་གླིང་དུ་ཀྲུང་ཧྭ་མིན་གོ་ཞེས་རྒྱལ་ཁབ་ཅིག་ཚུགས་ཡོད་པར་རྒྱ་ནག་གིས་ངོས་ལེན་བྱ་དགོས། རྒྱ་ནག་དང་ཐེ་ཝན་གཉིས་གཅིག་འོག་གཅིག་འདུ་བ་ཞིག་མིན་ཞེས་གཏམ་བཤད་བྱས་འདུག

ཐེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཚེ་མིང་ཡན་

ཁ་སྔོན་ཕྱི་ཟླ་༧་པའི་ཚེས་༥་ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཚེ་མིང་ཡན་(Tsai Ming-yen)་གྱིས་རྒྱ་ནག་གི་གསང་ཉུལ་རྣམས་ཐེ་ཝན་གྱི་སྤྱི་ཚོགས་སུ་སིམ་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་གི་ཞིན་ཧྭ་གསར་ཁང་གི་གསར་འགོད་པ་ཞིག་གིས་ཐེ་ཝན་གྱི་རྒྱང་སྲིང་ལས་རིམ་ལ་ཐེ་ཇུས་བྱས་པ་རེད་ཅེས་གནས་ཚུལ་ཐོན་པར་ཞིབ་འཇུག་བྱེད་ཀྱི་ཡོད། ཐེ་ཝན་གྱི་སྤྱི་ཚོགས་དེ་རང་དབང་དང་གུ་ཡངས། དམངས་གཙོ་ཡིན་པས་རྒྱ་ནག་གིས་གོ་སྐབས་བཟུང་སྟེ་གསང་ཉུལ་གཏོང་བ་དང་ཐེ་ཝན་གྱི་དམག་གི་སྟོབས་ཤུགས་གཅོག་ཐབས། ཐེ་ཝན་མི་དམངས་ས་ཡ་༢༣་ཀྱི་ཆབ་སྲིད་ལྟ་བ་སྒྱུར་ཐབས་བྱེད་ཀྱི་འདུག ན་ནིང་དང་བསྡུར་ན་ད་ལོ་རྒྱ་ནག་གི་གསང་ཉུལ་མང་དུ་ཕྱིན་འདུག་ཅེས་གྲོས་ཚོགས་ལ་སྙན་སེང་ཞུས།།

ཐེ་ཝན་གྱི་ཁྲིམས་ལུགས་སུ་མཚོ་གླིང་དེའི་མི་དམངས་དང་ཚོགས་པ་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་གཏན་ནས་བྱེད་མི་ཆོག ཐེ་ཝན་གྱི་རྒྱ་ཆེའི་མང་ཚོགས་རྣམས་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་ཏུ་འདུག་འདོད་མེད་ཅིང་། རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་གིས་ཐེ་ཝན་གྱི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ཐབས་དང་ཐེ་ཝན་གྱི་ཁེ་ཕན་ལ་གནོད་པའི་སྲིད་ཇུས་ལག་ལེན་བསྟར་ངེས་རེད་ཅེས་འཁོད། ཐེ་ཝན་གྱི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཚེ་མིང་ཡན་གྱིས་རྒྱ་ནག་གཞུང་ནས་གསང་ཉུལ་གཏོང་རྒྱུ་དང་གསང་བའི་གནས་ཚུལ་བསྡུ་རུབ། ཐེ་ཝན་གྱི་སྒྲིག་འཛུགས་ཁག་གི་ནང་དུ་སིམ་འཛུལ། འཕྲུལ་རིག་ལག་རྩལ་གྱི་གསང་བའི་ཡིག་ཆ་བརྐུས་འཁྱེར་དང་ཐེ་ཝན་གྱི་འོས་བསྡུར་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་འདུག ཐེ་ཝན་གཞུང་གིས་རྒྱ་ནག་གི་ལས་འགུལ་བ་༨༤་རྩད་གཅོད་བྱས་ནས་མི་༣༩་ཁྲིམས་ལ་སྦྱར་ཡོད་ཅེས་བཤད།།

རྒྱ་ནག་གི་གསང་ཉུལ་དང་ལས་འགུལ་བ་ཚོས་ཐེ་ཝན་པ་ཚོ་བསྡུས་ནས་རྒྱ་ནག་ལ་གཞུང་དྲང་བློ་དཀར་བྱ་དགོས་ཞེས་མནའ་སྐྱེལ་དུ་བཅུག ཐེ་ཝན་གྱི་དམག་དཔུང་དམིགས་འབེན་དུ་བཟུང་ནས་གཏོར་བརླག་བྱ་རྒྱུའི་ཐབས་སུ་འབད། ཐེ་ཝན་གྱི་དམག་མི་ཚོར་དཔལ་འབྱོར་གྱི་དཀའ་ངལ་ཡོད་མེད་དང་བུ་ལོན་ནང་དུ་ཚུད་ཡོད་མེད་རྩད་བཅད། གལ་སྲིད་བུ་ལོན་ནང་དུ་ཚུད་ཡོད་པ་ཤེས་རྟོགས་བྱུང་ན་མི་དེའི་གསང་བ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ་བ་དང་རྒས་ཡོལ་དུ་ཕྱིན་པའི་རྒྱལ་སྲུང་བདེ་འཇགས་མི་སྣ་ཁག་འགུགས་ཐབས། ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་དང་སྲིད་གཞུང་གི་ནང་དུ་སིམ་འཛུལ། རྒྱ་ནག་གི་གསང་ཉུལ་ཚོར་གསང་བའི་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཐད་ཀར་འགྲོ་གྲོན་གཏོང་ཐུབ་ཀྱི་མེད་ཀྱང་ཐེ་ཝན་གྱི་ཚོགས་པ་ཁག་དང་མི་སྒེར་པ། ཚོང་ལས་ཁག་བརྒྱུད་ནས་འགྲོ་གྲོན་གཏོང་གི་འདུག་ཅེས་ཐེར་འདོན་བྱས་འདུག

ཐེ་ཝན་གྱི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མེ་ཁེལ་ཆན་(Michael Chen)་གྱིས་བཤད་པ་ལྟར་ན། ཨ་རི་དང་རྒྱ་ནག་གི་ཚོང་དམག་ལངས་པའི་རྗེས་སུ་པེ་ཅིང་གི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཐེ་ཝན་གྱི་འཕྲུལ་རིག་ལག་རྩལ་དང་བཟོ་ལས་ཀྱི་གསང་བ་རྣམས་རྐུ་ཐབས་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། ཐེ་ཝན་གྱི་ཉམས་ཞིབ་པ་དང་ཚན་རིག་པ་ཚོར་དངུལ་སྒོར་ཕོན་ཆེན་སྤྲད་ནས་རྒྱ་ནག་ལ་སྲི་ཞུ་སྒྲུབ་ཏུ་འཇུག་གི་འདུག་ཅེས་བསྟན། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་ཐེ་ཝན་གྱི་རང་དབང་དུས་བབ་ཚགས་པར་ནང་དུ་ལོ་འདིའི་མགོ་སྟོད་དེར་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་ལས་སྣེ་ཚོས་ཐེ་ཝན་གྱི་བརྙན་འཕྲིན་ལས་ཁང་འགའ་ཞིག་ལ་འབྲེལ་བ་བྱས་ནས་ཆབ་སྲིད་ཀྱི་བགྲོ་གླེང་གསར་པ་ཞིག་བྱོས། དེ་ལྟར་བྱས་ན་ཐེ་ཝན་གྱི་བརྙན་འཕྲིན་ལས་ཁང་དེ་ཚོར་རྒྱ་ནག་གི་ཁྲོམ་ར་སྒོ་ཕྱེ་ནས་ཚོང་ལས་ཀྱི་ཁེ་ཕན་སྤྲོད་ཆོག་ཅེས་གྲོས་གཞི་བཏོན་པའི་གནས་ཚུལ་སྤེལ་འདུག