རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ལས་ཁུངས་ཀྱི་ས་ཆ་ཁང་སྟོང་ཇེ་མང་། 

༄༅།། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་དང་པེ་ཅིང་། ཀོང་ཀྲུག་དང་ཧྲེན་ཀྲེན་སོགས་སུ་ལས་ཁུངས་ཀྱི་ཁང་སྟོང་མང་དྲགས་ཏེ་ཁང་ཚོང་བརྒྱ་ཆ་༡༩་ནས་༢༡་ཙམ་ཉམས་ཆག་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༡༧་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་གྱི་སྨད་ཆ་འདིར་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ལས་ཁུངས་བཙུགས་ན་ལས་ཁུངས་ཀྱི་ཁང་པ་བསལ་བདམས་བྱ་རྒྱུ་ཡོད་པ་དང་ཁང་གླར་གཏམ་རྒྱུ་ཡོད་པ། པེ་ཅིང་དང་ཧྲང་ཧེ། ཀོང་ཀྲུག་དང་ཧྲེན་ཀྲེན་སོགས་ཀྱི་ཁང་བདག་ཚོས་ཁང་གླ་བཅག་ནས་གླ་དགོས་ཐུག་གི་ཡོད་ཅིང་། ན་ནིང་ལོ་མཇུག་དེར་ཧྲང་ཧེ་གྲོང་ཁྱེར་གྱི་ལས་ཁུངས་རྩེ་ཕུད་ཁག་ཁང་སྟོང་དུ་ལུས་ཡོད་པ་བརྒྱ་ཆ་༡༨.༧་ལས་མེད་ཀྱང་༢༠༢༣་གྱི་ལོ་མཇུག་མཚམས་སུ་ལས་ཁུངས་རྩེ་ཕུད་ཁང་སྟོང་དུ་ལུས་ཡོད་པ་བརྒྱ་ཆ་༡༩་ནས་༢༡་བར་དུ་སླེབས་རྒྱུ་དང་ཁང་གླ་བརྒྱ་ཆ་༠.༥་ཆག་རྒྱུའི་རྣམ་པ་ཞིག་ཐོན།།

ཀོལ་ཌ་ཝེལ་བྷན་ཀར་རི་ཆར་ཌི་ཨེ་ལི་སི་(CBRE)་ཞིབ་འཇུག་ཁང་གིས་སྙན་ཐོ་བཏོན་པར་གཞིགས་ན། དེང་སྐབས་མོ་ཡན་ཚོས་ལས་ཁུངས་རྩེ་ཕུད་ཁག་ཏུ་ཉི་མ་རེར་རྒྱ་ཁྱོན་མཱི་ཊར་གྲུ་བཞི་མ་གཅིག་ལ་ཁང་གླ་རྒྱ་སྒོར་༩་སྟེ། ཨ་སྒོར་༡.༢༦་སྟེར་དགོས་པ་དང་ལོ་འདིའི་མགོ་སྟོད་ཀྱི་ཁང་གླ་ནས་བརྒྱ་ཆ་༡.༡་མར་ཆག་འདུག ས་ཁང་ཞིབ་འཇུག་ཁང་དེའི་འགོ་ཁྲིད་སམ་ཤེ་(Sam Xie)་ཡིས་ལོ་གསུམ་གི་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ལས་རིགས་བསྐྱར་དུ་སྒོ་མོ་ཕྱེ་ཡང་དཔལ་འབྱོར་དང་ཁང་ཚོང་སླར་གསོ་མ་ཐུབ། མ་འོངས་པའི་ཟླ་ཤས་ནང་དུ་ལས་ཁུངས་གསར་པ་འཛུགས་སྐྲུན་བྱས་ནས་ཁང་པ་མང་པོ་ཁྲོམ་རའི་ནང་དུ་ཡོང་རྒྱུ་ཡིན་པས་ལས་ཁུངས་འཛུགས་མཁན་ཚོས་ཁང་གླ་གཏམས་ནས་རིན་གོང་གཅོག་ཐུབ་ཤས་ཆེ། ༢༠༢༣་གྱི་མགོ་སྟོད་དེར་ཧྲང་ཧེ་གྲོང་ཁྱེར་དུ་རྒྱ་ཁྱོན་མཱི་ཊར་གྲུ་བཞི་མ་༥༢༩༠༠༠་ཅན་གྱི་ལས་ཁུངས་ལས་མེད་ཀྱང་ལོ་འདིའི་སྨད་ཆའི་ཟླ་བ་༦་གི་ནང་དུ་རྒྱ་ཁྱོན་མཱི་ཊར་གྲུ་བཞི་མ་༩༥༣༠༠༠་ཅན་གྱི་ལས་ཁུངས་གསར་པ་ལྡབ་གཉིས་མང་དུ་འགྲོ་ས་རེད་ཅེས་བསྟན།།

ལོ་འདིའི་ཕྱི་ཟླ་༦་པའི་ནང་པེ་ཅིང་དུ་ལས་ཁུངས་རྩེ་ཕུད་ཀྱི་ཁང་སྟོང་བརྒྱ་ཆ་༡༩.༦་བརྒལ། ལོ་མཇུག་འདིར་རྒྱ་ཁྱོན་མཱི་ཊར་གྲུ་བཞི་མ་༦༡༠༠༠༠་ཅན་གྱི་ལས་ཁུངས་གསར་པ་ཁྲོམ་རའི་ནང་དུ་འཇོག་རྒྱུ་ཡིན་ཞིང་། ལོ་འདིའི་མགོ་སྟོད་ཟླ་བ་༦་གི་རིང་པེ་ཅིང་དུ་ལས་ཁུངས་སྟོང་པ་བརྒྱ་ཆ་༠.༥་མང་དུ་སོང་། ལཱེན་ཅ་ས་ཁང་ཚོང་ལས་ཁང་གི་སྤྱི་གཉེར་བགྲེས་པ་སུང་ཡུ་ལིན་(Song Yuling)་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་ཚོང་ལས་ཆུང་ཁག་གཙོས་བཟོ་ཚོང་ལས་ཁུངས་མང་པོ་སྒོ་བརྒྱབ་སྟེ་ཁང་སྟོང་དུ་ལུས། ཧྲང་ཧེ་གྲོང་ཁྱེར་གཞུང་གིས་རྫོང་ཁག་༡༦་ཡོད་པ་དེ་དག་གི་འགོ་ཁྲིད་ཚོར་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་ཚོས་ཁང་པ་གླས་ན་དངུལ་སྒོར་གྱི་བྱ་དགའ་སྤྲད་ནས་མ་རྩ་འཛུགས་མཁན་འགུགས་ཐབས་བྱ་དགོས་ཞེས་སྐུལ་ལྕག་གཏོང་གི་འདུག ཕྱི་རྒྱལ་གྱི་མ་རྩ་མེད་པར་ཧྲེ་ཧེ་གྲོང་ཁྱེར་གྱི་དཔལ་འབྱོར་སླར་གསོ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ཉེ་ཆར་ཕྱི་ཟླ་༤་པའི་ནང་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཧྭ་ཡོན་(Hua Yuan)་གྱིས་ཕྱི་རྒྱལ་བ་ཆེད་ལས་པ་དང་དེ་དག་གི་བཟའ་མི་ཚོ་རྒྱ་ནག་ཏུ་ཡོང་བའི་ཐོངས་མཆན་དང་གནས་སྡོད་བྱེད་པའི་ཆོག་མཆན་མྱུར་དུ་སྤྲོད་རྒྱུ་ཡིན་ཞེས་ཁས་བླངས།།

ཕྱི་ཟླ་༧་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༥་པ་དང་༦་པ་གཉིས་ལ་རྒྱ་ནག་གི་ཁང་ཚོང་ཉམས་ཆག་ཆེན་པོ་ཕྱིན་འདུག ཁང་ཚོང་ལ་མ་རྩ་འཛུགས་མཁན་ཡང་ཉུང་དུ་ཕྱིན་ཏེ་རྒྱ་ནག་གཞུང་གིས་འགྲོ་གྲོན་ཆེན་པོ་བཏང་ནས་དཔལ་འབྱོར་སླར་གསོ་བྱ་དགོས། ༢༠༢༣་ལོའི་ཕྱི་ཟླ་༦་པའི་ནང་རྒྱ་ནག་གི་ཁང་ཚོང་ཁྲོམ་རར་རྒྱ་སྒོར་ཁྲག་ཁྲིག་ཆེན་མོ་༡༢༨༤༩་ལས་མ་རྩ་འཛུགས་མཁན་མ་བྱུང་ཞིང་། དེ་ནི་སྔ་ལོ་དང་བསྡུར་ན་རྒྱ་ནག་གི་ཁང་ཚོང་ཁྲོམ་རར་མ་རྩ་འཛུགས་མཁན་བརྒྱ་ཆ་༢༠.༦་ཉུང་དུ་ཕྱིན་འདུག ལོ་འདིའི་ཕྱི་ཟླ་༥་པའི་ནང་རྒྱ་ནག་གི་ཁང་ཚོང་ཁྲོམ་རར་མ་རྩ་འཛུགས་མཁན་བརྒྱ་ཆ་༢༡.༥་ཉུང་དུ་ཕྱིན་པ་དང་ཁང་ཚོང་གིས་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་ཀྱི་བཞི་ཆའི་གཅིག་ཟིན། ད་དུང་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཁང་པའི་རིན་གོང་ཆག རྒྱ་ནག་གི་ཁང་པ་འཛུགས་སྐྲུན་ལས་ཁུངས་ཁག་ལ་འགྲོ་གྲོན་གཏོང་རྒྱུ་མེད་པར་ཁང་ཆེན་ཇི་སྙེད་ཅིག་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན།།

ལོ་གསུམ་གྱི་ཏོག་དབྱིབས་ནད་ཡམས་དང་དཔལ་འབྱོར་འཕེལ་རྒྱས་མཚམས་ཆད་ནས་རྒྱ་ནག་མི་དམངས་ཀྱིས་ཁང་པ་མི་ཉོ་བར་དངུལ་སྒོར་གསོག་འཇོག་བྱེད་པའམ། ཡང་ན་ཁང་རིན་ལྷག་ལུས་རྣམས་སྤྲད་ནས་ཁང་པ་ཉོས་ཏེ་མ་རྩ་འཛུགས་རྒྱུར་ཐེ་ཚོམ་འཛིན་དགོས་པ་ཞིག་ཏུ་གྱུར། ཟླ་བ་སྔོན་མ་ནས་རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་བུ་ལོན་གྱི་སྐྱེད་ཀ་བཅག རྒྱ་ནག་གི་ཚོང་ལས་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་སོགས་ཀྱིས་དངུལ་སྒོར་བུ་ལོན་བསྐྱི་བའི་དུས་ཡུན་ལོ་༡༠་ཡིན་པ་དེ་ལོ་༢༥་ལ་རིང་དུ་ཐོངས་ཞེས་བཀོད་ཁྱབ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་འཛུགས་སྐྲུན་ལས་ཁུངས་ཁག་ཅིག་མ་རྩ་བརྡིབས་ནས་ཁང་པ་ཉོ་མཁན་ཚོར་ཁང་པ་སྤྲོད་རྒྱུ་མེད། མི་མང་གིས་ཁང་རིན་བརྒྱ་ཆ་ཁག་ཅིག་སྔོན་ལ་སྤྲད་ནས་མ་རྩ་བཙུགས་པ་རྣམས་ཕྱིར་སློག་བྱ་རྒྱུ་མེད་པར་ཁང་པ་ཉོ་མཁན་ཚོས་འཛུགས་སྐྲུན་ལས་ཁུངས་ཁག་ཁྲིམས་ལ་གཏུགས། ཁོ་ཚོས་འཛུགས་སྐྲུན་བྱ་ཡུལ་དུ་ངོ་རྒོལ་བྱས་ནས་ཟིང་ཆ་སློང་གི་ཡོད་པའི་གནས་ཚུལ་མང་པོ་མཐོང་ཐོས་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་གྱི་བཞི་ཚན་༢་པར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༦.༣་འཕེལ་རྒྱས་འགྲོ་ཐུབ་རྒྱུའི་དམིགས་ཚད་བཟུང་བ་མ་གྲུབ། དེས་ན་རྒྱ་ནག་གི་ན་གཞོན་ལོ་༡༦་ནས་༢༤་བར་གྱི་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༢༡.༣་ལ་བསླེབས། རྒྱ་ནག་གི་དཔལ་འབྱོར་གླེང་སྟེགས་ཀྱི་སྤྱི་ཁྱབ་འགན་འཛིན་ཝང་ཅུན་(Wang Jun)་གྱིས་བཞི་ཚན་༢་པའི་དཔལ་འབྱོར་འཕེལ་རྒྱས་དམིགས་ཚད་ལྟར་བྱུང་མེད་པ་དང་སྒེར་གྱི་ཚོང་ལས་ཁག་དེ་བས་ཀྱང་ཉམས་ཞན་དུ་གྱུར་འདུག ང་ཚོས་སྔོན་དཔག་བྱས་པ་ལས་ཀྱང་ཉམས་ཞན་ཆེན་པོ་ཕྱིན་ཡོད་པ་དང་ཁྲོམ་རའི་ཁ་ཕྱོགས་ཡག་ཏུ་འགྲོ་རྒྱུའི་རྟགས་མཚན་བྲལ། སྔ་ལོའི་ཉམས་མྱོང་ལ་གཞིགས་ནས་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དམའ་རུ་བཏང་ཡང་སྒེར་གྱི་ཚོང་ལས་དང་ཁང་ཚོང་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་ནི་བློ་འཚབ་བྱ་དགོས་པ་ཞིག་རེད། རྒྱ་ནག་གཞུང་གིས་སྒེར་གྱི་ཚོང་ལས་དང་ཁང་ཚོང་གི་ངར་ཤུགས་གསོ་བའི་རྒྱབ་སྐྱོར་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

China Economy

རྒྱལ་སྤྱིའི་གོ་ཐེ་ཅུ་ནན་ཞིབ་འཇུག་ཁང་གི་དཔལ་འབྱོར་རིག་པ་བ་ཀྲུག་ཧའོ་ཡིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་སྤྱི་སྒེར་གཉིས་ཀྱི་དཔལ་འབྱོར་སླར་གསོའི་སྲིད་ཇུས་ཤུགས་ཆེན་པོ་ཞིག་ལག་ལེན་མ་བསྟར་ཚེ། རྒྱ་ནག་གི་སྤྱི་ཡོངས་དཔལ་འབྱོར་འཕེལ་རྒྱས་འགགས་ནས་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ནི་དངོས་ཟོག་ལོངས་སྤྱོད་བྱེད་མཁན་ཉུང་དུ་ཕྱིན་པའི་དཀའ་ངལ་ཞིག་རེད། རྒྱ་ནག་གཞུང་གིས་མི་དམངས་ནས་དངུལ་སྒོར་འགྲོ་གྲོན་གཏོང་ཐུབ་པའི་སྲིད་ཇུས་ཤིག་འཛིན་དགོས། ང་ཚོས་བལྟས་ན་རྒྱ་ནག་གཞུང་གིས་སྐྱེད་ཀ་གཅོག་རྒྱུ་དགོས་པ་དང་སྐྱེད་ཀ་བཅག་ན་ཁང་པའི་བུ་ལོན་འཇལ་དགོས་པ་དེ་ཉུང་དུ་སོང་སྟེ་ཁང་པ་ཉོ་མཁན་མང་དུ་འགྲོ་ཐུབ། མི་དམངས་ཀྱིས་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་ཡང་ཤུགས་ཆེ་རུ་འགྲོ་ཐུབ་ཅེས་ལམ་སྟོན་བྱས་འདུག དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ན་གཞོན་ལས་མེད་པའི་དཀའ་ངལ་ནི་སྒེར་ཚོང་ཉམས་པ་དང་ཁང་ཚོང་ཉམས་པ་ལས་ཀྱང་ཛ་དྲག་ཆེ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༧་པའི་ཚེས་༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ནས་སློབ་ཆེན་ཐོན་པའི་ན་གཞོན་ཚོར་ལས་ཀ་མ་རག་པའི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་འདུག སློབ་ཕྲུག་ན་གཞོན་མ་ཞིག་གིས་ང་སློབ་ཆེན་ཐོན་གྲབས་ཡོད། ང་ལ་ལས་ཀ་རག་རྒྱུ་ཡིན་མིན་ཐད་བློ་འཚབ་ཆེན་པོ་ཡོང་གི་འདུག ལས་ཀའི་ས་མིག་གཅིག་ལ་འགྲན་རྩོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་ལས་ཀ་རག་རྒྱུ་ཤིན་ཏུ་དཀའ། ངའི་སློབ་གྲོགས་ཚང་མར་ལས་ཀ་རག་རྒྱུ་ཡིན་མིན་གྱི་སེམས་ཁྲལ་དང་གནོན་ཤུགས་ཆེན་པོ་ཐེབས་ཀྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ན་གཞོན་ལས་ཀ་རག་ཡོད་པ་དེ་དག་གི་ལས་ཀ་ཡང་བརྟན་པོ་མིན་པ་དང་དཔལ་འབྱོར་ཡོང་འབབ་ངེས་གཏན་མེད་པས་དངུལ་སྒོར་གསོག་འཇོག་བྱས་ནས་འགྲོ་གྲོན་གཏོང་མི་ཕོད། རྒྱ་ནག་གི་ན་གཞོན་ཚོས་ཁྲག་གསོག་རྣག་གསོག་བྱས་ནས་ཉོས་པའི་ཁང་པའི་རིན་གོང་ཆག ནམ་ཞིག་རྒྱ་ནག་གི་ན་གཞོན་ལས་ཀ་རག་ཡོད་པ་རྣམས་ཀྱང་ལས་མེད་དུ་གྱུར་ནས་རང་ཁ་གསོ་མི་ཐུབ་པའི་ཚད་དེར་ལྷུང་རྒྱུའི་སྐྲག་སྣང་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག