རྒྱ་ནག་གིས་ཨུ་རུ་སུའི་འཁྱོག་བཤད་རྣམས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན།

༄༅།། བདུན་ཕྲག་སྔོན་མར་ཊོས་ཊར་དྲྭ་ལས་ཁང་གིས་ཨུ་རུ་སུའི་གཞུང་འབྲེལ་མི་འབྲེལ་སྣ་ཚོས་ཡུཀ་རེན་གྱི་བྷུ་ཆ་ས་གནས་སུ་ཞི་བའི་མི་མང་སྡེབ་གསོད་བྱུང་་མེད་ཅེས་དོན་དངོས་ལ་སྙོན་གྱི་ཡོད་པའི་བརྡ་འཕྲིན་ཞིག་སྤེལ། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་འཕྲལ་དུ་བརྡ་འཕྲིན་དེ་ནག་སུབ་བཏང་སྟེ་ཨུ་རུ་སུའི་རྒྱབ་རྩར་ལངས། རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་ཅིག་ལ་ཡུཀ་རེན་གྱི་བྷུ་ཆ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་མི་བསད་པའི་ཕུང་པོ་ལུས་ཡོད་པ་རྣམས་རྫུན་མ་ཡིན་པ་ཨུ་རུ་སུའི་གཞུང་གིས་ཁུངས་སྐྱེལ་ངེས་འཕེར་བྱས་སོང་ཞེས་རྩོམ་ཡིག་སྤེལ། ཕྱི་ཟླ་༤་པའི་ཚེས་༡༡་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་བརྙན་འཕྲིན་ལས་ཁང་ཞིག་གིས་ཡུཀ་རེན་གྱི་གཞུང་ལ་ནུབ་ཕྱོགས་པ་ཚོས་སྙིང་རྗེ་སྐྱེ་ཐབས་སུ་མི་རོ་ལམ་དུ་བཀྲམ་པ་རེད། འདི་འདྲའི་དཔང་རྟགས་ཀྱིས་ཁྲིམས་སར་ཁུངས་མི་འཁྱོལ་ཞེས་བསྒྲགས། ཟླ་བ་གཅིག་གི་སྔོན་དེར་ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་པེ་ཅིང་ལ་ཨུ་རུ་སུའི་བཙན་འཛུལ་དེར་རྒྱབ་སྐྱོར་བྱས་ནས་འཁྱོག་བཤད་མ་བྱས་ན་ལེགས་ཞེས་ཉེན་བརྡ་བཏང་ཞིང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷུ་ཆ་ས་གནས་དང་དེ་མིན་གྱི་ས་གནས་ཁག་ཏུ་ཞི་བའི་མི་མང་སྡེབ་གསོད་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཀྱང་རྒྱ་ནག་གིས་དེ་ལ་འཁྱོག་བཤད་དང་དགག་སྒྲུབ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་བདེན་གཏམ་བཅས་ལ་སུན་འབྱིན་ནས་དཀྲོག་གཏམ་སྒྲོགས་རྒྱུ་ཤུགས་ཆེ་རུ་བཏང་འདུག་ཅེས་གནས་ཚུལ་བཀོད།།

ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་བྱེད་ཀྱི་ཡོད་པ་དང་ཡུཀ་རེན་གྱི་དམག་འཁྲུག་གི་དོན་དངོས་རྣམས་རྒྱ་ནག་གིས་རང་གི་མི་དམངས་ལ་སྦས་གསང་བྱས་ནས་རྟོག་བཟོ་བྱས་པའི་གནས་ཚུལ་ལོག་པ་ཞིག་སྒྲོགས་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་རྟོག་བཟོ་བྱས་པའི་འཁྱོག་བཤད་དེ་འཛམ་གླིང་མི་དམངས་ལའང་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་ཐབས་སུ་འབད། དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀ ལཱ་ཊིན་ཨ་མི་རི་ཀ་སོགས་ཀྱི་རྒྱལ་ཁབ་ཁག་ཅིག་སྔ་མོ་ནས་ཨ་མི་རི་ཀར་ཡིད་ཆེས་མེད་པས་རྒྱ་ནག་གི་འཁྱོག་བཤད་ལ་མཉན་ནས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡིད་ཆེས་མེད་པ་དེ་བས་ཀྱང་སྡུག་ཏུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཁེ་ལས་མིན་པའི་དམངས་གཙོའི་བདེ་འཇགས་མནའ་འབྲེལ་ཚོགས་པའི་ཉམས་ཞིབ་པ་ཤེ་ཧྥེར་གྱིས་བཤད་པ་ལྟར་ན། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཡུན་རིང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བློ་མི་འཁེལ་བ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་དགྲ་ཟླར་འཛིན་པ། ཡུཀ་རེན་གྱི་བཙན་འཛུལ་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་སྔར་ལས་ལྷག་པའི་ཁ་འཆམ། ཨུ་རུ་སུས་ཅི་ཞིག་བཤད་པ་རྣམས་རྒྱ་ནག་གིས་ནེ་ཙོ་ལྟར་ཟློས་བརྗོད་བྱས་ནས་རྒྱབ་སྐྱོར་གང་ཐུབ་བྱེད་ཀྱི་འདུག་ཅེས་བསྟན། རྒྱ་ནག་གིས་དྲིལ་བསྒྲགས་ལོག་པ་དང་འཁྱོག་བཤད་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་རྒྱལ་ཚོགས་ཀྱི་སྐུ་ཚབ་བམ། ཡང་ན་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་དམག་འཁྲུག་ལ་བཏང་སྙོམས་ཀྱི་ལངས་ཕྱོགས་ཤིག་བཟུང་ཡོད། རྒྱ་ནག་གིས་ཞི་བའི་ཐབས་ལམ་ཞིག་བརྒྱུད་ནས་དམག་འཁྲུག་འདི་མཚམས་འཇོག་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བཤད་པ་རྣམས་སྟོང་གཏམ་དུ་གྱུར། དོན་དངོས་སུ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཁག་དང་གསར་འགོད་པ་ཚོས་ཨུ་རུ་སུའི་གླེང་ཕྱོགས་འཐད་ལྡན་དུ་བརྩིས། རྒྱལ་སྤྱིའི་སྤྱི་ཚིགས་ཀྱིས་ཨུ་རུ་སུས་ཡུཀ་རེན་གྱི་ས་ཐོག་ཏུ་དམག་འཁྲུག་གི་ནག་ཉེས་གསོག་གི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རྣམས་རྒྱ་ནག་གིས་ལོང་གཏམ་དུ་སྒྱུར་ཐབས་སུ་འབད་ནས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག དཔེར་ན་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཊོས་ཊར་དྲྭ་ལམ་དུ་ན་ཛི་བ་ཚོས་གཡུ་དྲུང་རྟགས་ཅན་གྱི་དར་ཆ་བཟུང་ཡོད་པ་དེའི་འཁྲིས་སུ་ཨ་རི་དང་ཡུཀ་རེན་གྱི་རྒྱལ་དར་བཟུང་ཡོད་པའི་པར་ཞིག་བཀྲམ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ལི་དབྱང་ཞེས་པ་ཞིག་གིས་པར་དེའི་འོག་ཏུ་ཨ་མི་རི་ཀ་ན་ཛིའི་ཕྱོགས་སུ་ལངས་ཡོད་པ་ནི་ཁྱད་མཚར་རེད་ཅེས་མཆན་བྲིས།།

ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀས་ཨ་མི་རི་ཀའི་དྲྭ་ལམ་གྱི་ཉམས་ཞིབ་མཁས་པ་ཡིན་ཟེར་བ་དང་དྲྭ་ལམ་དུ་འུར་སྒྲོགས་བྱེད་མཁན་དེ་དག་གིས་སྒེར་གྱི་བསམ་ཚུལ་བཤད་པ་རྣམས་ལུང་འདྲེན་བྱས་ནས་དཔང་རྟགས་སུ་བཀོད། བྷན་ཇཱ་མིན་ནོར་ཊོན་ཟེར་བའི་ཨ་རིའི་གསར་འགོད་པ་ཞིག་གིས་༢༠༡༤་ལོར་ཨ་མི་རི་ཀས་ལྐོག་ཏུ་ཡུཀ་རེན་ལ་སྲིད་འགྱུར་བཏང་སྟེ་ད་ལྟའི་སྲིད་གཞུང་འདི་བཙུགས་པ་རེད་ཅེས་བྱུང་རྒྱལ་དུ་སྨྲས། ཐོག་མར་ནོར་ཊོན་གྱིས་ཨ་རིས་ལྐོག་གཡོ་ངན་ཇུས་བཤམས་པ་རེད་ཅེས་ཨུ་རུ་སུའི་བརྙན་འཕྲིན་ཁང་ལ་བཤད། ཕྱིས་སུ་རྒྱ་ནག་གི་གཞུང་གཉེར་ཊོས་ཊར་དྲྭ་ལམ་དུ་སྐད་ཆ་དེ་ལུང་འདྲེན་བྱས་ནས་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༣་པའི་མགོ་སྟོད་དུ་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་གིས་ནོར་ཊོན་ལ་བཅར་འདྲི་ཞུས། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་ལན་ཁག་ཨུ་རུ་སུར་མེད་པ་དང་ཨ་མི་རི་ཀར་འདུག་ཅེས་གསར་འགྱུར་སྤེལ། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གི་འགྲེལ་བཤད་པ་མིང་དངོས་སུ་མི་གསལ་བ་ཞིག་གིས་བྷན་ཇཱ་མིན་ནོར་ཊོན་ནས་ཡུཀ་རེན་གྱི་དམག་འཁྲུག་འདི་ཨུ་རུ་སུས་བཙན་འཛུལ་བྱས་ནས་བྱུང་བ་ཞིག་མ་རེད། ༢༠༡༤་ནས་ཨ་མི་རི་ཀས་ལྐོག་ཇུས་བཤམས་ནས་འཁྲུག་རྩོད་བསླངས་ནས་བྱུང་བ་ཞིག་རེད་ཟེར་གྱི་འདུག་ཅེས་བཤད་པ་བརྒྱབ། ཕྱི་ཟླ་༤་པའི་ཚེས་༦་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་བྷུ་ཆ་ས་གནས་ཀྱི་འདྲ་པར་དེ་ཚོ་སྐྱི་གཡའ་བ་ཞིག་རེད། ཕྱོགས་ཁག་ཚང་མས་གཞི་མེད་ཀྱི་སྐྱོན་འཛུགས་བྱ་རྒྱུ་ཚོད་འཛིན་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། སྔ་ཉིན་དེར་རྒྱ་ནག་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཁྲེན་ཝེ་ཧྭས་བྷུ་ཆ་ས་གནས་སུ་མི་མང་དམར་གསོད་བྱས་པའི་དཔང་རྟགས་མི་འདུག ནུབ་ཕྱོགས་པ་ཚོས་མི་གསོད་ཁྲག་སྦྱོར་བྱས་ནས་ཕ་རོལ་པོ་ནག་པོ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཕྱི་ཟླ་༤་པའི་ཚེས་༡༡་ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་སྔོན་ཆད་ཨ་རི་དང་ཡུ་རོབ་གཉིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་གཅིག་གྱུར་འཛིན་རྒྱུ་བློ་ཡུལ་དུ་ཤོང་དཀའ། ད་ལྟ་ཨ་རི་དང་ཡུ་རོབ་གཉིས་ཀས་རྒྱ་ནག་ལའང་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་བསམ་ཞིབ་བྱེད་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ན་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཅིག་ཀྱང་རང་ཚུགས་ཐུབ་དཀའ་བ་ཞིག་ཏུ་འགྱུར་གྱི་ཡོད་པ་ངོས་ཟིན་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་ཡུཀ་རེན་གྱི་དམག་འཁྲུག་ཐོག་ཏུ་རྒྱ་ནག་བར་གནས་ཡིན་ཟེར་གྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཡིད་ཆེས་ཐུབ་ཀྱི་མེད་ཅིང་། དེང་སྐབས་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་གྱི་འདུག་ཅེས་་གནས་ཚུལ་སྤེལ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་མ་ཐག་ཏུ་རྒྱ་ནག་གིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པར་ནུས་པ་ཅི་ཙམ་འཐོན་རྒྱུ་ཡིན་མིན་ལ་བལྟས། ཨ་མི་རི་ཀས་ཀྱང་ཨུ་རུ་སུར་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་འདི་མ་འོངས་པར་རྒྱ་ནག་ལ་ལག་ལེན་ཇི་ལྟར་བསྟར་དགོས་མིན་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གི་འབྲེལ་བ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་སྡུག་ཏུ་གྱུར། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ན་རྒྱ་ནག་ཀྱང་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་དེར་ཨ་རི་དང་ཡུ་རོབ་གཉིས་ལྟ་ཚུལ་གཅིག་ཏུ་འཐད། ལྷག་པར་དུ་ཡུ་རོབ་གླིང་གི་དམག་འཁྲུག་ཅིག་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཡུ་རོབ་རྒྱལ་ཁབ་ཁག་རྒྱ་ནག་ལ་གཏིང་ནས་ཡི་ཐང་ཆད་ནས་ཞེན་པ་ལོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་དྲུག་གི་གོང་དེར་ཨ་དབྱིན་ཨོ་གསུམ་སྟེ། ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་བདེ་འཇགས་མཉམ་འབྲེལ་བཙུགས། ཧྥ་རན་སི་དང་ཨོ་གླིང་གཉིས་ཀྱིས་མཚོ་འོག་དམག་གྲུ་ཉོ་ཚོང་གི་གན་རྒྱ་བཞག་ཡོད་པ་ཕྱིར་འཐེན་བྱས་ནས་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བར་འགལ་ཟླ་བྱུང་། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཡུ་རོབ་དང་ཨ་རིའི་འགལ་ཟླ་རྣམས་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་ཏུ་གྱུར། ནུབ་ཕྱོགས་པའི་ཕྱི་འབྲེལ་མི་སྣ་ཞིག་གིས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་རྡོག་རྩ་གཅིག་ཏུ་སྒྲིལ་ན་ཕ་རོལ་པོ་ཕམ་ཐུབ་ཀྱི་ཡོད་པ་རྒྱ་ནག་གིས་ཤེས་རྟོགས་ཐུབ་དགོས། འཛམ་གླིང་འདིར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་རྒྱ་ནག་སྐྲག་དགོས་པ་ཞིག་རེད་ཅེས་བཤད། བདུན་ཕྲག་སྔོན་མར་ཨ་རིའི་ནོར་སྲིད་དྲུང་ཆེས་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་གིས་གནས་དུས་ལ་ཚོད་རྩིས་བྱས་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་ཚེ། ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་པ་རྒྱ་ནག་ལའང་གཅོད་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། དེ་ལ་དོགས་པ་དང་ཐེ་ཚོམ་འཛིན་དགོས་པ་ཞིག་མིན་ཞེས་སྙན་སེང་ཞུས། ཡུཀ་རེན་གྱི་དམག་འཁྲུག་མ་ལངས་གོང་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་རྒྱ་ནག་འཛམ་གླིང་གི་དངུལ་རྩའི་ལམ་ལུགས་ཁོངས་ནས་མཐར་སྐྲོད་གཏོང་རྒྱུའི་སྐད་ཆ་ཙམ་ཡང་གོ་ཐོས་མེད། རྒྱ་ནག་གིས་ཨུ་རུ་སུའི་དྲིལ་བསྒྲགས་རྣམས་བདེན་པ་རེད་ཅེས་འཁྱོག་བཤད་བྱེད་ཀྱི་ཡོད་པ་དང་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་གི་མེད་པ་བཅས་ཀྱིས་རྒྱ་ནག་གིས་ངན་པ་ལག་འབྲེལ་དང་རྫུན་ལ་རྒྱབ་སྐྱོར། རྒྱ་ནག་གིས་རྟག་ཏུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་དགོས་ཞེས་བཤད་ཀྱི་ཡོད་པ་རྣམས་འུད་ཤོབ་ཡིན་པ་ར་འཕྲོད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག