རྒྱ་ནག་གཞུང་གིས་མཁས་པའི་ཚོགས་པ་ཞིག་ཐེ་ཝན་ལ་གཏོང་རྒྱུ་ཡིན་ཟེར། 

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག

༄༅།། རྒྱ་ནག་གིས་ཤེས་ཡོན་ཅན་དང་མཁས་པའི་ཚོགས་ཆུང་ཞིག་ཐེ་ཝན་ལ་གཏོང་རྒྱུའི་ཐག་བཅད། འདི་ནི་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཆད་ནས་ལོ་གསུམ་ཕྱིན་པའི་རྗེས་སུ་རྒྱ་ནག་གི་ཤེས་ཡོན་ཅན་གྱི་ཚོགས་པ་ཞིག་ཐེ་ཝན་ལ་གཏོང་རྒྱུའི་གྲོས་མཐུན་བྱུང་བ་ཡིན་ཞིང་། ཕྱི་ཟླ་༧་པའི་ཚེས་༡༢་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གི་ཐེབས་རྩ་ཚོགས་པས་མགྲོན་འབོད་བྱས་པ་ལྟར་རྒྱ་ནག་གི་སློབ་ཆེན་ཁག་གི་སློབ་ཕྲུག་དང་ཤེས་ཡོན་ཅན་ཁག་ཅིག་ཐེ་ཝན་ལ་བསྐྱོད་རྒྱུའི་ཆོག་མཆན་བཀོད། མ་དབྱིན་ཇུག་ནས་རྒྱ་ནག་གི་མཁས་པའི་ཚོགས་ཆུང་ཞིག་ཐེ་ཝན་ལ་ཡོང་ན་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་ཐུབ་རྒྱུའི་རེ་ལྟོས་བཅངས་ཡོད་ཅིང་། རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭས་འཚམས་འདྲི་དེ་སྐམ་ས་ཆེན་མོའི་སློབ་ཆེན་ཁག་གིས་བཀོད་སྒྲིག་བྱས་པ་རེད། དེ་ནི་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་ཡར་རྒྱས་གཏོང་བར་གནད་འགག་ཆེན་པོ་ཡིན་ཞེས་གསལ་བསྒྲགས་སྤེལ།།

མ་དབྱིན་ཇུག་གི་ཐེབས་རྩ་ཚོགས་པས་རྒྱ་ནག་གི་སློབ་ཆེན་ཁག་ལྔའི་སློབ་ཕྲུག་༣༦་ཐེ་ཝན་ལ་མགྲོན་འབོད་བྱས་ནས་ཉིན་དགུའི་རིང་མཚོ་གླིང་དེའི་སློབ་ཆེན་ཁག་དང་ས་གནས་ཁག་ཏུ་ལྟ་སྐོར་དུ་འཁྲིད་རྒྱུ་ཡིན་འདུག བདུན་ཕྲག་འདིའི་གཟའ་སྤེན་ནས་འཚམས་འདྲི་དེ་འགོ་འཛུགས་རྒྱུ་དང་རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭས་ང་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་ན་གཞོན་ཚོའི་འབྲེལ་བ་སྲ་བརྟན་གཏོང་ཐབས་དང་ཕན་ཚུན་ཐུག་འཕྲད་བྱ་རྒྱུར་ཡར་སྐུལ་བྱེད་ཀྱི་ཡོད། ཁོ་ཚོས་ཕན་ཚུན་རྒྱུས་ལོན་དང་ལྟ་ཚུལ་བརྗེ་རེས། ལས་དོན་མཉམ་སྒྲུབ་བྱས་ནས་མ་འོངས་པའི་མདུན་ལམ་བཟང་པོ་ཞིག་བསྐྲུན་དགོས་ཞེས་བཀྲལ། ད་ལོའི་ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་མ་དབྱིན་ཇུག་རྒྱ་ནག་ལ་ཉིན་༡༢་རིང་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད། དེ་ནས་ཟླ་བ་༣་གྱི་རྗེས་སུ་རྒྱ་ནག་གཞུང་གིས་ཤེས་ཡོན་ཅན་གྱི་ཚོགས་པ་ཞིག་ཐེ་ཝན་ལ་གཏོང་རྒྱུའི་མོས་མཐུན་བྱུང་། རྒྱ་ནག་གི་སློབ་ཕྲུག་དང་ཤེས་ཡོན་ཅན་དེ་རྣམས་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོ། ཧྥུ་ཏན་སློབ་གྲྭ་ཆེན་མོ་དང་ཝུ་ཧན་སློབ་གྲྭ་ཆེན་མོ། ཧུ་ནན་སློབ་གྲྭ་ཆེན་མོ་བཅས་ནས་བསྡུས།།

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག

ཕྱི་ཟླ་༣་པའི་འཚམས་འདྲིའི་སྐབས་སུ་མ་དབྱིན་ཇུག་རྒྱ་ནག་གི་ཧྥུ་ཏན་དང་ཝུ་ཧན། ཧུ་ནན་སློབ་ཆེན་གསུམ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང་ཞིན་ཧྭ་གསར་འགྱུར་ལས་ཁུངས་ནས་རྒྱ་ནག་གི་ཤེས་ཡོན་ཅན་གྱི་ཚོགས་པ་དེ་པེ་ཅིང་སློབ་གྲྭ་ཆེན་མོའི་དམར་ཤོག་ཚོགས་པའི་དྲུང་ཆེ་སྟེ། རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་མཁས་པ་ཧའོ་ཕིང་གིས་སྣེ་ཁྲིད་བྱ་རྒྱུ་རེད་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་ཐེ་ཝན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་དང་རྒྱལ་ཡོངས་ཁྲེང་ཊི་སློབ་གྲྭ་ཆེན་མོ། རྒྱ་ནག་གི་རིག་གཞུང་སློབ་ཆེན་དང་ཏུང་ཧྭ་སློབ་གྲྭ་ཆེན་མོ། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་དང་ཐེ་ཀྲུང་། ཐེ་པེ་གསར་པ་དང་ཞིན་ཀྲུའུ། ཧྭ་ལཱེན་བཅས་ལ་ལྟ་སྐོར་དུ་བསྐྱོད་རྒྱུ། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་མི་དམངས་དང་མི་དམངས་ཀྱི་འབྲེལ་བ་ཡག་ཏུ་གཏོང་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ཟླ་༥་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་མཐོ་རིམ་ལས་སྣེ་ཝང་ཧུ་ནིང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་གོམ་སྟབས་རེ་རེ་བཞིན་ཡར་རྒྱས་གཏོང་དགོས། ཐེ་ཝན་གྱི་སྤྱི་ཚོགས་དེའི་རིམ་པ་ཁག་གི་མི་དམངས་ལ་མཛའ་འབྲེལ་འཛུགས་དགོས་ཞེས་ནན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཐེ་ཝན་ལ་ཤེས་ཡོན་ཅན་གྱི་ཚོགས་པ་ཞིག་བཏང་ནས་མི་དམངས་དང་མི་དམངས། ཤེས་ཡོན་ཅན་དང་མཁས་པའི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་རྒྱུ་མཚམས་མི་འཇོག ཕྱི་ཟླ་༧་པའི་ཚེས་༡༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་འགོ་ཚུགས་ཡོད་པའི་དུས་འདིར་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་༣༢་བཏང་ནས་མཚོ་གླིང་དེའི་ཉེ་འཁྲིས་སུ་དམག་སྦྱོང་བྱས་ཤིང་། ད་ལོའི་ཕྱི་ཟླ་༤་པའི་ནང་དུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མ་ཁར་ཐི་གཉིས་ཐུག་འཕྲད་བྱས་པར་རྒྱ་ནག་གིས་མ་དགའ་བའི་རྣམ་འགྱུར་སྟོན་པར་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དྲག་ཤུགས་ངོམ། རྒྱ་ནག་གི་དམག་དོན་གནམ་གྲུ་ཁག་ཉིན་ལྟར་ཐེ་ཝན་གྱི་ཉེ་འཁྲིས་སུ་འཕུར་སྐྱོད་བྱེད་ཀྱི་ཡོད་ཀྱང་གཟའ་ལྷག་པའི་དམག་སྦྱོང་དེ་ཤུགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཨ་རི་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་བྱུང་། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་གནས་བབ་མཐོ་རུ་གཏོང་བར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་གླིང་དེའི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཉི་ཧོང་ལ་མངགས། ཐེ་ཝན་ལ་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་ཁག་འཚམས་འདྲིར་བསླེབས་པ་དང་ཐེ་ཝན་གྱི་ཕྱི་འབྲེལ་མི་སྣ་ཁག་རྒྱལ་ཁབ་གཞན་ལ་སྐྱོད་ཀྱི་ཡོད་པར་རྒྱ་ནག་གིས་བཟོད་སྒོམ་བྱེད་མི་ཐུབ་པ་ཞིག་ཏུ་གྱུར། ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གི་འོས་མི་ཚོས་ལོ་རྗེས་མའི་ཕྱི་ཟླ་དང་པོའི་སྲིད་འཛིན་འོས་བསྡུར་དམིགས་ནས་རྒྱ་ནག་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་རྣམས་ཕྱི་རུ་བསྒྲགས། ཐེ་ཝན་གྱི་འོས་མི་དེ་ཚོར་ཊིག་ཊོག་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འཁྱོག་བཤད་དང་ལོག་བཤད། རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུར་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་ཐེ་ཝན་གཞུང་གིས་འཐབ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གཞུང་གི་ལས་ཁུངས་ཁག་གི་ཁ་པར་དང་གློག་ཀླད་ནང་དུ་ཊིག་ཊོག་བཀོལ་སྤྱོད་བྱེད་མི་ཆོག་ཅེས་བཀག་ཡོད་པས་ཐེ་ཝན་གཞུང་ལའང་བློ་འཚབ་བྱུང་། ཨ་རིའི་གཞུང་གིས་ཊིག་ཊོག་གི་བདག་པོ་རྒྱ་ནག་པ་ཞིག་ཡིན་པ་དང་ཁོ་པ་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་ཚུད་ཡོད་པ་རེད། དེས་ན་རྒྱ་ནག་གཞུང་གིས་ཊིག་ཊོག་བཀོལ་སྤྱོད་ལོག་པ་བྱེད་སྲིད་ཅེས་རྒྱུ་མཚན་བགྲངས། ཐེ་ཝན་ལ་འོས་འདེམས་མ་བྱས་པའི་ཟླ་ཤས་སྔོན་ནས་རྒྱ་དམག་གི་སྡིགས་ར་དང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་འཁྱོག་བཤད་བྱེད་པའམ། ཡང་ན་ལོག་བཤད་དང་དཀྲོག་གཏམ་སྤེལ་ནས་ཐེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་དེར་འགྱུར་བ་བཏང་ནས་རྒྱ་ནག་གི་ཕྱོགས་གཏོགས་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཏུ་འཇུག་རྒྱུའི་ངན་ཇུས་བཤམས། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགན་གོ་མིན་ཏང་ཚོགས་སོགས་རང་བཙན་དང་གཅིག་གྱུར་གྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་འགའ་ཞིག་འོས་བསྡུར་མཉམ་ཞུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དེ་རིང་གཉིས་ལ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་རེའི་ཚོགས་འདུ་ཚོགས། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་རྒྱ་ནག་གི་ཧམ་སེམས་དང་བཙན་དྲག་གི་སྲིད་ཇུས་དེ་ནུབ་ཆིངས་ཀྱི་ཁེ་ཕན་དང་བདེ་འཇགས། ལྟ་གྲུབ་བཅས་ལ་རྒྱབ་འགལ་དུ་གྱུར་འདུག ད་དུང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༡་གི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་ཉེར་མཁོའི་དངོས་ཟོག་རྣམས་རྒྱ་ནག་གིས་ཁེར་སྡོམ་བྱེད་ཀྱི་འདུག རྒྱ་ནག་ཚུད་པའི་བཙན་དབང་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱང་ནས་བལྟས། ཁོ་ཚོས་བཙན་འཛུལ་བྱས་ན་ཁེ་གྱོང་ཅི་ཞིག་འཐོབ་རྒྱུ་ཡོད་མེད་ཁོག་རྩིས་རྒྱག་གི་ཡོད་པ་རེད། ང་ལོ་འདིའི་མགོ་སྟོད་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡར་བསྐྱོད་པའི་སྐབས་སུ་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོ་ཡུ་རོབ་ལ་འབྱུང་གི་ཡོད་པའི་དམག་འཁྲུག་འདི་མ་འོངས་པར་ཨེ་ཤི་ཡར་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་འདུག་ཅེས་བསྟན། ཁོང་གིས་ཐེ་ཝན་ཞེས་དངོས་སུ་མིང་འབོད་མ་བྱས་ཀྱང་རྒྱ་ནག་གིས་ཨུ་རུ་སུར་མིག་དཔེ་བལྟས་ནས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་ཅེས་གོ་རྒྱུ་གཏོང་གི་ཡོད་པར་གོར་མ་ཆག

ཕྱི་ཟླ་༧་པའི་ཚེས་༡༢་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་གླིང་དེའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཚེ་མཱིང་ཡན་གྱིས་རྒྱ་ནག་ལ་དམག་རྒྱག་ཐུབ་པའི་སྟོབས་ཤུགས་མི་འདུག རྒྱ་ནག་གི་སྤྱོད་པ་དེ་འཇིགས་སྐུལ་ཞིག་ཡིན་པ་ལས་བཙན་འཛུལ་མ་རེད། རྒྱ་ནག་དམར་ཤོག་གཞུང་གིས་གསར་འགྱུར་རྫུན་མ་སྤེལ་ནས་དཀྲོག་རྐྱེན་བསླངས། ༢༠༢༤་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་མི་མང་འོས་ཤོག་འཕེན་མཁན་ཚོར་སྡིགས་ར་སྐུལ་གྱི་ཡོད་པ་རེད་ཅེས་བཀྲལ། ཐེ་ཝན་གྱི་རྒྱལ་སྲུང་ཉམས་ཞིབ་མཁས་པ་ཝུ་དབྱི་ནུང་གིས་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་འགན་འཁྲི་མི་ལེན་པའི་སྐད་ཆ་བཤད་ཀྱི་འདུག རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་པའི་སྟོབས་ཤུགས་དེ་དུས་ནམ་ཞིག་ལྡན་རྒྱུ་ཡིན་མིན། ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་པར་གྲ་སྒྲིག་ཅི་ཞིག་བྱ་དགོས་མིན་རྣམས་ཤོད། ང་ཚོས་ལོ་གསུམ་བཞི་ཞིག་གི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་རྒྱུ་ཡིན་མིན་ཤེས་དགོས་ཀྱི་འདུག ཐེ་ཝན་གྱི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་ད་ལྟའི་སྟོབས་ཤུགས་གཅིག་པུར་བལྟ་མི་ཉན། རྒྱ་ནག་གི་ལོ་༣༠་ཐམ་པར་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག