སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་ཞལ་པར་གྲོས་མོལ།

༄༅།། གཟའ་ཕུར་བུའི་ཞོགས་པར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀྱིས་ཞལ་པར་ནང་དུ་བཀའ་མོལ་གནང་ཞིང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཐེ་ཝན་དང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ། དཔལ་འབྱོར་དང་ཚོང་ལས། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་སྣ་མང་ཞིག་གི་ཐོག་ཏུ་བཀལ་མོལ་ཞིབ་ཕྲ་དང་ལྷུག་པོ་བྱུང་སོང་ཞེས་གསལ་བསྒྲགས་སྤེལ་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་གསར་འགོད་པ་ཚོར་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་འབྲེལ་ལམ་མཚམས་མ་ཆད་པར་རྒྱུན་འཛིན་གནང་འདོད་ཡོད་པ་དང་ཨ་རྒྱའི་འགོ་ཁྲིད་གཉིས་ཀྱི་འབྲེལ་ལམ་ནི་རྒྱུན་འཛིན་བྱེད་དགོས་པ་ཞིག་ཀྱང་རེད། ང་ཚོས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་ལས་དོན་སྒྲུབ་ཐུབ་པ་ཁག་ཅིག་ཡོད་པ་དང་ཕྱོགས་གཉིས་ལ་འགལ་ཟླ་བྱུང་ནས་ལས་དོན་ཁག་ཅིག་གི་ཐོག་ཏུ་མཉམ་འབྲེལ་བྱེད་མི་ཐུབ་པའང་འབྱུང་གི་ཡོད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་དང་མངའ་ཁུལ་དེའི་རྒྱལ་ཁབ་ཁག་གི་སྟེང་དུ་བཙན་དྲག་གི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པར་ང་ཚོས་ངེས་པར་དུ་གླེང་སློང་བྱ་དགོས་ཞེས་ནན་བརྗོད་གནང་འདུག

སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་ཞལ་པར་གྲོས་མོལ་འདི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་རིང་མིན་ཐེ་ཝན་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་དེའི་སྔོན་དེར་བྱུང་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་ཕེབས་ན་རྒྱ་ནག་གིས་རྒོལ་ཤུགས་དྲག་པོས་ལན་པ་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཨ་མི་རི་ཀས་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ངོ་མ་ནི་པེ་ཅིང་ཡིན་པ་དང་ཐེ་པེ་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པར་འགྱུར་བ་གང་ཡང་ཕྱིན་མེད། ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་པར་འགྱུར་བ་ཏིལ་འབྲུ་ཙམ་ཡང་ཕྱིན་མེད་པ་ཁག་ཐེག་བྱེད་ཐུབ། ཨ་མི་རི་ཀར་རྒྱ་ནག་དང་ཐེ་ཝན་གྱི་འགལ་ཟླ་ཇེ་ཆེ་དང་མཚོ་འགག་ཕྱོགས་གཉིས་ལ་ཞི་བདེ་བརྟན་ལྷིང་མེད་པར་ཛ་དྲག་ཆེ་རུ་གཏོང་འདོད་མེད། ཨ་མི་རི་ཀར་མུ་མཐུད་དུ་ཐེ་ཝན་དང་རྒྱ་ནག་གི་གནས་བབ་དེར་ཕྱོགས་གཅིག་རྐྱང་པ་ཞིག་ལ་འགྱུར་བ་གཏོང་དུ་འཇུག་འདོད་མེད་པར་མ་ཟད། མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་དྲག་ཤུགས་ཀྱིས་ཐག་གཅོད་བྱེད་དུ་འཇུག་འདོད་དེ་བས་ཀྱང་མེད་ཅེས་གསལ་བསྒྲགས་སྤེལ་འདུག