འབྲུག་ཡུལ་གྱིས་བོད་ལ་ཕུལ་བའི་གླང་ཆེན་གཉིས། 

Bhutan Elephants in Lhasa( The photo the British Library)

༄༅།། ༡༩༠༡་ལོར་འབྲུག་ཡུལ་གྱི་ཀྲོང་གསར་དཔོན་སློབ་ནས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་ལ་ཕྱག་རྟགས་ཁག་ཅིག་འབུལ་དགོས་ཀྱི་འདུག་ཅེས་བཀའ་ཕབ། ལོ་དེའི་ཕྱི་ཟླ་༨་པའི་ནང་དུ་ཀྲོང་གསར་དཔོན་སློབ་ཀྱི་སྐུ་ཚབ་ནས་རྒྱལ་དབང་སྐུ་ཕྲེང་༡༣་པ་མཆོག་ལ་གླང་ཆེན་གཉིས་དང་གཟིག་འགའ་ཞིག་ཕུལ་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༡་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲོང་གསར་དཔོན་སློབ་ཀྱི་སྐུ་ཚབ་ནས་༧གོང་ས་སྐུ་ཕྲེང་༡༣་པ་མཆོག་ལ་གླང་ཆེན་དང་གཟིག་ཕུལ་བ་དེའི་སྟེང་དུ་རྒྱལ་དབང་སྐུ་ཕྲེང་༡༣་པས་རྒྱ་གར་ནས་སྤུས་གཟིགས་མཛད་པའི་བངྒ་ལའི་སྟག་འགའ་ཞིག་དང་དབྱིན་རྟ་རྣམས་ལྷ་སར་སྐྱེལ་འདྲེན་བྱས་ཐུབ་ཡོད་ཅིང་། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་འབྲུག་པའི་གླང་ཆེན་གཉིས་ལྷ་སར་མ་འབྱོར་སྔོན་དུ་འབྲས་ལྗོངས་ཆོས་རྒྱལ་གྱིས་༧གོང་ས་སྐུ་ཕྲེང་༡༣་པ་མཆོག་ལ་གླང་ཆེན་གཉིས་ཕུལ་ཡང་གསོན་གནས་མ་ཐུབ། ༡༩༠༣་ནས་༤་བར་དུ་དབྱིན་ཇིའི་དབྱང་ཧ་སི་བྷན་ཌི་འགོ་དམག་གིས་བོད་ལ་བཙན་འཛུལ་བྱས་ནས་ལྷ་སར་འབྱོར་བའི་དབྱིན་དམག་གི་མདའ་དཔོན་གཞོན་པ་བྷེ་ལེ་དང་མདའ་དཔོན་གཞོན་པ་ཝ་ཌེལ་སོགས་དབྱིན་དམག་ལྔས་འབྲུག་ཡུལ་གྱིས་ཕུལ་བའི་གླང་ཆེན་ཞིག་ལྷ་སར་ཡོད་པ་མིག་མཐོང་བྱུང་། ཡིན་ནའང་དབྱིན་དམག་གི་མདའ་དཔོན་གཞོན་པ་དེ་དག་གིས་༧གོང་ས་སྐུ་ཕྲེང་༡༣་པ་མཆོག་གིས་རྒྱ་གར་ནས་དབྱིན་རྟ་ནང་འདྲེན་མཛད་པ་རྣམས་མཐོང་ཐོས་བྱུང་བ་འཁོད་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྐབས་དེའི་ཀྲོང་གསར་དཔོན་སློབ་ནི་གོང་གསར་ཨོ་རྒྱན་དབང་ཕྱུག་(༡༨༦༢་ནས་༡༩༢༦)ཡིན་ཞིང་། ཁོང་ནི་འབྲུག་ཡུལ་གྱི་སྡེ་དཔོན་མི་དྲག་ཀུན་གྱི་གྲས་སུ་དབང་ཐང་ཆེ་ཤོས་དེར་གྱུར་ནས་ལོ་༦་གི་རྗེས་སུ་འབྲུག་རྒྱལ་ཐོག་མ་དེར་གྱུར། ཀ་ལིམ་སྦོང་དུ་གནས་འཁོད་དཔོན་སློབ་ཀྱི་སྐུ་ཚབ་ཨོ་རྒྱན་རྡོ་རྗེ་སྟེ། ཡོངས་གྲགས་སུ་ཀ་ཛི་ཨོ་རྒྱན་དུ་འབོད་པ་དེ་ལོ་སྔོན་མ་དེར་འབྲུག་གི་ལྷོ་ཕྱོགས་ཀྱི་སྐུ་ཚབ་ཏུ་བསྐོས། དབྱང་ཧ་སི་བྷན་ཌིའི་དམག་ཁོངས་སུ་བོད་ལ་བསྐྱོད་པའི་མདའ་དཔོན་གཞོན་པ་བྷེ་ལེ་ནི་ཕྱིས་སུ་རྒྱལ་རྩེ་དང་གྲོ་མོར་བཅའ་སྡོད་དབྱིན་ཇིའི་སྐུ་ཚབ་ཏུ་གྱུར། དེའི་རྗེས་སུ་བྷེ་ལེ་དབྱིན་གཞུང་གི་འབྲས་ལྗོངས་དང་འབྲུག་ཡུལ་གྱི་ཆབ་སྲིད་སྐུ་ཚབ་ཏུ་བསྐོས། ཁོང་ནི་རྔོན་རྒྱག་རྒྱུ་དང་པར་ཆས། འདྲ་པར་ལེན་རྒྱུ་དང་སྐད་ཡིག་སྣ་ཚོགས་ལ་དགའ་བ། ལྷག་པར་དུ་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས་ལ་དགའ་མཁན་ཞིག་ཡིན་པས་ནོར་བུ་གླིང་ཁར་སེམས་ཅན་ཡོད་པ་རྣམས་པར་༦་རྒྱག་ཐུབ་ཡོད་པ་རེད་ཅེས་བཀོད། འབྲུག་ཡུལ་གྱིས་ཕུལ་བའི་གླང་ཆེན་མཐོང་མྱོང་ཡོད་པའི་མི་གཞན་པ་ཞིག་ནི་དབྱང་ཧ་སི་བྷན་ཌིའི་དམག་ཁོངས་སུ་བོད་ལ་བསྐྱོད་པའི་མདའ་དཔོན་གཞོན་པ་ཝ་ཌེལ་ཡིན་ཞིང་། ཝ་ཌེལ་ཡང་ས་མྱུལ་རི་མྱུལ་ལ་དགའ་བ་དང་བོད་ལ་དོ་སྣང་ཆེན་པོ་ཡོད་པའི་མི་ཞིག་རེད། ཁོང་གིས་བྲིས་ཏེ་༡༩༠༥་ལོར་དཔར་དུ་བསྐྲུན་པའི་ལྷ་ས་དང་དེའི་ལྐོག་འགྱུར་ཞེས་པའི་དཔེ་དེབ་ནང་དུ་༡༩༠༣་ལོར་དབྱིན་དམག་ལྷ་སར་འབྱོར་དུས་གླང་ཆེན་གཅིག་ལས་མི་འདུག གླང་ཆེན་དེ་གཟུགས་དཔངས་ཧྥི་ཊི་༨་ཡོད་པ་དང་ན་སོ་དར་མ། མཆེ་བ་གཅིག་ཅན་ཞིག་རེད་ཅེས་འཁོད་ཡོད་པའི་གནས་ཚུལ་སྤེལ་འདུག

Gongsar Ugyen Wangchuck

ཀུན་གསལ་གསར་ཁང་གིས་འབྲུག་ཡུལ་ནས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་ལ་གླང་ཆེན་ཕུལ་བའི་ལོ་རྒྱུས་དེ་དེབ་ཐེར་དུ་འགོད་མཁན་གསུམ་པ་ནི་བསོད་ནམས་དབང་འཕེལ་ལཱ་ལྡན་ཡིན་ཞིང་། ཁོང་ནི་དབྱིན་ཇི་གོང་མའི་གཞུང་གི་ཉེན་རྟོག་པ་དང་དབྱིན་ཇིའི་བློས་ཐུབ་ཅིག་ཡིན་པས་ལྷ་སར་ལན་མང་ཕེབས། ཁོང་གིས་འབྲུག་ཡུལ་ནས་ཕུལ་བའི་གླང་ཆེན་གཅིག་མཐོང་ཡོད་པར་མ་ཟད། འབྲུག་པས་འཕུལ་བའི་གཟིག་དང་རྒྱལ་དབང་སྐུ་ཕྲེང་༡༣་པ་ཆེན་པོས་རྒྱ་གར་ནས་སྤུས་གཟིགས་མཛད་པའི་བངྒ་ལའི་སྟག་དང་དབྱིན་རྟ་རྣམས་ཀྱང་མཐོང་འདུག བསོད་ནམས་དབང་འཕེལ་ལཱ་ལྡན་གྱིས་མཚན་ཞབས་ངག་དབང་བློ་བཟང་ངམ། མི་ཚོས་རྡོ་རྗེ་ཡིབ་ཏུ་འབོད་པའི་བྷུ་རི་ཡའི་གྲྭ་པ་དེའི་དྲུང་ཡིག་ཨོ་ཝི་ཤ་ནོར་ཛུ་ནོབ་ལ་གླེང་མོལ་བྱུང་བའི་ཟིན་ཐོ་ཡང་དཔེ་དེབ་ཏུ་བཀོད། ༡༨༩༨་ནས་༡༩༠༡་བར་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་གིས་བོད་ལ་དམག་དོན་དང་ཆབ་སྲིད་ཀྱི་རོགས་རམ་ཐོབ་པར་རྡོ་རྗེ་ཡིབ་ཨུ་རུ་སུར་ཐེངས་གསུམ་མངགས། རྡོ་རྗེ་ཡིབ་ནས་བོད་གཞུང་གིས་ཨུ་རུ་སུར་འབྲེལ་བ་དམ་ཟབ་འཛིན་དགོས་པའི་ཤུགས་རྐྱེན་ཐེབས། བསོད་ནམས་དབང་འཕེལ་ལཱ་ལྡན་གྱི་ལོ་རྒྱུས་ཏེ། མཐའ་མཚམས་ཀྱི་སྐྱེས་པ་ཞེས་པའི་དཔེ་དེབ་ནང་དུ་འབྲུག་གཞུང་གི་སྐུ་ཚབ་ཀ་ཛི་ཨོ་རྒྱན་དཔོན་གཡོག་འཁོར་དང་བཅས་པ་ལྷ་སར་བདེ་བླག་ཏུ་འབྱོར། ཀ་ཛི་ཨོ་རྒྱན་གྱིས་གླང་ཆེན་གཅིག་དང་དབྱིན་རྟ་འགའ། སྟག་དང་གཟིག་ཁག་ཅིག་ཁྱེར་ཡོང་ཡོད་པ་དང་གླང་ཆེན་གཅིག་ལྷ་སར་མ་བསླེབས་གོང་དུ་བཀྲ་ཤིས་ལྷུང་པོར་ཤི་འདུག་ཅེས་འཁོད། འབྲུག་པའི་སྐུ་ཚབ་ཀྱིས་སེམས་ཅན་དེ་རྣམས་ལྷ་སར་ཇི་ལྟར་སྐྱེལ་འདྲེན་བྱས་པ་རྣམས་གསལ་ཁ་མ་ཐོན། ཧ་ལམ་དབྱང་ཧ་སི་བྷན་ཌིའི་དམག་དཔུང་བོད་ལ་བསྐྱོད་ལམ་དེ་བརྒྱུད་ནས་སེམས་ཅན་དེ་རྣམས་བོད་ལ་དྲངས་པ་ཡིན་སྲིད། དབྱིན་ཇིའི་བོད་ལ་དཔུང་འཇུག་པའི་སྐབས་སུ་ཀ་ལིམ་སྦོང་ནས་ལྷ་སར་བསྐྱོད་པའི་དྲེལ་ལམ་དེ་འཁོར་ལམ་དུ་བསྒྱུར་ཏེ་དམག་མི་༣༠༠༠་དང་རྒྱབ་སྐྱོར་བ་ལས་མི་༧༠༠༠་བཏང་བ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱལ་དབང་སྐུ་ཕྲེང་༡༣་པ་མཆོག་ནི་རི་སྐྱེས་སེམས་ཅན་ལ་ཤིན་ཏུ་མཉེས་ཤིང་། ས་ཁྱོན་ཨེ་ཀར་༨༩་ཡོད་པའི་ནོར་གླིང་ཕོ་བྲང་དུ་ཕྱི་རྒྱལ་གྱི་སེམས་ཅན་འདྲ་མིན་འདུས་པའི་གཅན་གཟན་ཁང་ཆུང་ཆུང་ཞིག་བསྐྲུན། ཀ་ཛི་ཨོ་རྒྱན་གྱིས་བྱེ་ལེབ་ལ་དང་རྣ་ཐོས་ལ་བརྒྱུད་དེ་ཆུ་འབིའི་གཞུང་ནས་ཕག་རི་དང་རྒུ་རུ། རྒྱལ་རྩེ། ཀ་རོ་དང་ཆུ་ཤུལ། མཐར་གཙང་པོ་བརྒྱལ་ནས་ལྷ་སར་སེམས་ཅན་དེ་རྣམས་བསྐྱལ་བ་ཡིན་ཤས་ཆེ། བསོད་ནམས་དབང་འཕེལ་ལཱ་ལྡན་གྱི་དཔེ་དེབ་ནང་དུ་གླང་ཆེན་གཅིག་བཀྲ་ཤིས་ལྷུན་པོར་ཤི་བ་རེད་ཅེས་འཁོད་ཡོད་པར་གཞིགས་ཚེ། ཀ་ཛི་ཨོ་རྒྱན་གོང་དུ་བཀྲལ་བའི་སྲོལ་རྒྱུན་གྱི་འགྲུལ་ལམ་དེ་བརྒྱུད་མེད་པར་སྣང་། ༡༩༡༠་ལོའི་ཕྱི་ཟླ་༢་པའི་ཚེས་༡༢་ཉིན་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་དང་སྐུ་འཁོར་ཚོས་ཉིན་དགུའི་རིང་སྤྱི་ལེ་༥༠༠་ལྷག་བརྒལ་ཏེ་འབྲས་ལྗོངས་སུ་བཙན་བྱོལ་དུ་ཕེབས། འབྲུག་ཡུལ་གྱི་ཀྲོང་གསར་དཔོན་སློབ་ཀྱིས་ཕུལ་བའི་གླང་ཆེན་དེ་ལོ་བཅུའི་རྗེས་སུ་གཡུང་ལ་ཕབ་ཟིན་ཡོད་ཀྱི་རེད། འབྲུག་ཡུལ་གྱིས་ཕུལ་བའི་གླང་ཆེན་དེ་དག་གང་ནས་བདམས་པའི་ཟིན་ཐོ་མི་རྙེད་ཀྱང་ཀ་ལིམ་སྦོང་ལ་བར་ཐག་ཉེ་བར་གཞིགས་ན་གསར་སྤང་རྫོང་ཁ་ནས་བདམས་པ་ཚོད་དཔག་བྱེད་ཐུབ། གླང་ཆེན་རྣམས་གནམ་གཤིས་གྲང་ས་དང་སྐམ་སར་འཚོ་གནས་ཡག་པོ་མི་ཐུབ་པས་ལཱ་ལྡན་གྱི་དཔེ་དེབ་ནང་དུ་འབྲུག་ཡུལ་གྱིས་ཕུལ་བའི་གླང་ཆེན་གཅིག་ལྷ་ས་མ་བསླེབས་གོང་དུ་བཀྲ་ཤིས་ལྷུན་པོར་ཤི་བ་རེད་ཅེས་འཁོད་པ་དང་འབྲས་ལྗོངས་ཆོས་རྒྱལ་གྱིས་ཕུལ་བའི་གླང་ཆེན་རྣམས་ཀྱང་འཚོ་གནས་མ་ཐུབ་པ་རེད་ཅེས་བཀོད་པར་རྒྱུ་མཚན་འདུག་ཅེས་གནས་ཚུལ་སྤེལ་འདུག

ཀུན་གསལ་གསར་ཁང་གིས་ཀ་ཛིའི་ཨོ་རྒྱན་རྡོ་རྗེས་ཀྲོང་གསར་དཔོན་སློབ་ཀྱི་ཕྱག་རྟགས་རྣམས་༧གོང་ས་སྐུ་ཕྲེང་༡༣་པ་ཆེན་པོར་འཕྲོད་ཡོད་ཀྱང་སྐབས་དེའི་དབྱིན་ཇིའི་རྒྱལ་ཚབ་མི་དབང་ཀར་ཛོན་གྱིས་འབྲུག་པའི་སྐུ་ཚབ་བརྒྱུད་ནས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་ལ་ཕུལ་བའི་ཕྱག་བྲིས་དེ་མ་བཞེས་ཤིང་། སྐབས་དེར་དབྱིན་ཇིའི་བཙན་རྒྱལ་དང་ཨུ་རུ་སུའི་བཙན་རྒྱལ་གྱི་འགྲན་སྡུར་དེ་ཉིད་ཡང་རྩེར་སོན། བོད་ནི་དབྱིན་ཇི་དང་ཨུ་རུ་སུའི་འཐབ་ཇུས་ནང་དུ་གནད་འགག་ཆེན་པོ་ཞིག་ཏུ་ཡོད་པས་དབྱིན་ཨུ་གཉིས་ཀས་བོད་ལ་ཚོང་འབྲེལ་བཙུགས་ཏེ་སྟངས་འཛིན་བྱ་རྒྱུ་དང་རྒྱལ་ཁབ་གཞན་གྱིས་བོད་ལ་ཤུགས་རྐྱེན་ཐེབས་མི་ཐུབ་པའི་བཀག་འགོག་བྱ་རྒྱུ་གཙིགས་སུ་བཟུང་། རྒྱལ་དབང་སྐུ་ཕྲེང་༡༣་པ་མཆོག་ནས་དབྱིན་ཇིའི་རྒྱལ་ཚབ་ཀྱི་ཕྱག་བྲིས་མ་བཞེས་པར་ཕྱིར་སློག་གནང་བས་ཨུ་རུ་སུས་བོད་ལ་ཤུགས་རྐྱེན་གྱི་འདུག་ཅེས་དབྱིན་ཇི་སྔ་ལས་དོགས་པ་ཆེ་རུ་སོང་། མཐར་༡༩༠༣་ནས་༤་ལོར་དབྱང་ཧ་སི་བྷན་ཌིས་འགོ་ཁྲིད་པའི་དབྱིན་ཇིའི་དམག་དཔུང་བོད་ལ་དྲངས། ཀྲོང་གསར་དཔོན་སློབ་ཀྱིས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་མཆོག་དང་དབྱིན་དམག་གི་འགོ་ཁྲིད་དབྱང་ཧ་སི་བྷན་ཌི་གཉིས་ཀར་གྲོས་མོལ་གནང་དགོས་པའི་གཞེན་སྐུལ་གང་ལེགས་གནང་སྟེ་དབྱིན་ཇི་དང་འབྲུག་ཡུལ་གྱི་འབྲེལ་བ་འགྱུར་མཚམས་གསར་པ་ཞིག་ཏུ་བསླེབས། འབྲས་ལྗངས་དང་འབྲུག་ཡུལ་གྱི་རྗེས་སུ་༡༩༢༠་ལོར་བལ་ཡུལ་གྱིས་ཀྱང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་མཆོག་ལ་གླང་ཆེན་གཉིས་ཕུལ། དབྱིན་ཇིའི་སྐུ་ཚབ་སཱར་ཆལ་སི་བྷེལ་ལྷ་སར་ཕེབས་པའི་སྐབས་སུ་བལ་ཡུལ་གྱིས་ཕུལ་བའི་གླང་ཆེན་གཉིས་དངོས་སུ་མཐོང་ཡོད་པ་དང་གླང་ཆེན་དེ་དག་པར་བརྒྱབ་པ་རྣམས་དེང་སྐབས་དབྱིན་ཇིའི་དཔེ་མཛོད་ཁང་དུ་འདུག པར་དེའི་ཁ་བྱང་ལ་བལ་ཡུལ་གྱིས་ཕུལ་བའི་ཕྱག་རྟགས་ཞེས་བཀོད་ཡོད་པའི་གནས་ཚུལ་སྤེལ་འདུག