འབྲུག་ཡུལ་དང་རྒྱ་ནག་ས་མཚམས་སྐོར་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་།

༄༅།། འབྲུག་ཡུལ་དང་རྒྱ་ནག་གི་མཁས་པའི་གྲོས་མོལ་ཚོགས་འདུ་ཐེངས་༡༢་པ་ཚོགས་ཏེ་ཕྱོགས་གཉིས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ལག་ལེན་བསྟར་ནས་ས་མཚམས་ཀྱི་རྩོད་གཞི་ཁག་མྱུར་དུ་སེལ་དགོས་པའི་གྲོས་མཐུན་བྱུང་སོང་ཟེར། ཕྱི་ཟླ་༥་པའི་ཚེས་༢༧་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་དང་རྒྱ་ནག་གི་མཁས་པའི་གྲོས་མོལ་ཚོགས་འདུ་ཐེངས་༡༢་པ་དེ་ཕྱི་ཟླ་༥་པའི་ཚེས་༢༤་དང་༢༥་གཉིས་ལ་འབྲུག་གི་རྒྱལ་ས་ཐིམ་ཕུག་ཏུ་ཚོགས། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༡༠་ནས་༡༣་བར་དུ་རྒྱ་ནག་གི་ཁུན་མིང་གྲོང་ཁྱེར་དུ་རྒྱ་འབྲུག་གཉིས་ཀྱི་མཁས་པའི་གྲོས་མོལ་ཚོགས་འདུ་ཐེངས་༡༡་པ་ཚོགས་འདུག ཁུན་མིང་གི་ཚོགས་འདུའི་ཐོག་ཏུ་ཕྱོགས་གཉིས་ཀྱི་གྲོལ་མོལ་མང་དུ་གཏོང་དགོས་པའི་གྲོས་འཆམ་བྱུང་། ད་ཐེངས་ཀྱི་ཚོགས་འདུར་གྲུབ་འབྲས་ཐོན་པའའམ། ཡང་ན་ཚོགས་ཐེངས་རྗེས་མ་དེ་ནམ་འཚོགས་དགོས་མིན་གྱི་དུས་ཚོད་གཏན་འབེབས་བྱས་མེད་པའི་གནས་ཚུན་ཐོན།།

༢༠༡༦་ནས་འབྲོག་ལམ་ཁུལ་དུ་དམག་འཁྲུག་གི་ཛ་དྲག་བྱུང་སྟེ་འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་གྲོས་མོལ་ཐེངས་༢༥་པ་བྱ་རྒྱུ་ངང་འཐེན་བྱས་མོད། འོན་ཀྱང་གཟའ་འཁོར་སྔོན་མའི་ཐིམ་ཕུག་གི་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་ས་མཚམས་ཀྱི་གནད་དོན་ཁག་མྱུར་དུ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་སྟེ། འབྲུག་ཡུལ་གྱི་ཕྱི་སྲིད་ལྷན་ཁང་དང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་ཐུན་མོང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དུ་ཕྱོགས་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ལ་གདེང་འཇོག་བྱེད་ཀྱི་ཡོད། གྲོས་མཐུན་དེ་ལག་ལེན་བསྟར་ཕྱོགས་སུ་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་མང་ཙམ་བྱ་དགོས་པ་བསྐྱར་ཟློས་བྱས་ཡོད། ཚོགས་འདུ་དེ་མཛའ་བརྩེ་དང་མཉམ་འབྲེལ་གྱི་ཁོར་ཡུག་ཅིག་ཏུ་ཚོགས་ཡོད་ཅེས་འཁོད། འབྲུག་ཡུལ་དང་རྒྱ་ནག་གི་མཁས་པའི་གྲོས་མོལ་ཚོགས་འདུ་ཐེངས་༡༡་པ་དེ་༢༠༢༡་ལོའི་ཕྱི་ཟླ་༤་པའི་ནང་དུ་ཚོགས་འདུག

ཐེངས་འདིའི་ཚོགས་འདུ་དེར་འབྲུག་པའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དྲག་ཤོས་ལེ་ཐོ་སྟོབས་ལྡན་ཐང་བི་(Dasho Letho Tobdhen Tangbi)་དང་རྒྱ་གར་དུ་བཅའ་སྡོད་འབྲུག་པའི་གཞུང་ཚབ་པ་དམག་སྤྱི་ཟུར་པ་ཝེ་ཊི་སོབ་རྣམ་རྒྱལ་(Vetsop Namgyel)་སོགས་ཞུགས། རྒྱ་ནག་གི་སྐུ་ཚབ་ཚོགས་པའི་ཁོངས་སུ་ས་མཚམས་དང་མཚོ་ཁོངས་ལས་དོན་ཁང་གི་སྤྱི་ཁྱབ་འགན་འཛིན་ཧོང་ལེང་(Hong Liang)་དང་རྒྱལ་སྤྱིའི་ས་མཚམས་ལས་ཁུངས་ཀྱི་དྲུང་ཆེ་སོགས་འདུས། རྒྱ་འབྲུག་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་དེར་༢༠༢༡་ལོར་རྒྱ་ནག་དང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཉིས་དྲྭ་ལམ་དུ་ཐུག་འཕྲད་བྱུང་སྟེ་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་བྱུང་། ད་ལྟའི་བར་དུ་ཕྱོགས་གཉིས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ལག་ལེན་བསྟར་ཕྱོགས་ཡར་རྒྱས་ཕྱིན་པར་བློ་ཁ་ཚིམས་ཡོད་ཅེས་བཀོད། རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་ཐེངས་རྗེས་མའི་ཚོགས་འདུ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པར་བལྟས་ཚེ། འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་ལ་གྲུབ་འབྲས་ཤིག་ཐོན་གྱི་ཡོད་པའི་རྟགས་མཚན་རེད་ཅེས་བསྟན།།

འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེར་རྒྱ་གར་གྱིས་ཡོངས་གྲགས་སུ་གླེང་སློང་བྱ་རྒྱུ་དཀོན་པོ་ཞིག་ཡིན་རུང་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་གྱི་ནང་དོན་ཐམས་ཅད་ནང་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་རྒྱ་གར་གཞུང་གིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་ཀྱི་འབྲོག་ལམ་ས་ཁུལ་གྱི་བདག་དབང་ལ་ཐུག་ན་རྒྱ་གར་ངེས་པར་དུ་གྲོས་མོལ་དེར་ཞུགས་དགོས་ཞེས་ནན་བརྗོད་བྱས་འདུག ཁུན་མིང་གི་གྲོས་མོལ་ཚོགས་འདུ་ཚོགས་ནས་ཉི་མ་འགའ་ཤས་ཀྱི་རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་ཀ་ཝ་ཏྲ་(Vinay Kwatra)་ཐིམ་ཕུག་ཏུ་ཕེབས་ནས་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་གྲོས་མོལ་ལ་རྒྱ་གར་གྱི་ལངས་ཕྱོགས་ཅི་ཡིན་གསལ་བཀྲོལ་བྱུང་། ཁ་སྔོན་ཕྱི་ཟླ་༣་པའི་ནང་འབྲུག་ཡུལ་གྱི་སྲིད་བློན་ནས་ཐིམ་ཕུག་ཏུ་གྲོས་མོལ་བྱ་འཆར་ཡོད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་དབྱེ་འབྱེད་བྱ་རྒྱུའི་རྒྱུད་རིམ་ཁྲོད་དུ་ཡོད་ཅེས་བཀྲལ།།

འབྲུག་པའི་སྲིད་བློན་བློ་གྲོས་ཚེ་རིང་གིས་བྷེལ་ཇེམ་གྱི་གསར་འགོད་པ་ཞིག་ལ་ས་མཚམས་ཀྱི་རྩོད་གཞི་དེ་འབྲུག་ཡུལ་གཅིག་པུས་སེལ་ཐུབ་པ་ཞིག་མིན། ང་ཚོ་རྒྱལ་ཁབ་གསུམ་ཡོད་པ་ཆེ་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཐོག་ཏུ་ཐག་གཅོད་བྱ་དགོས། ཚོགས་པ་གཞན་གཉིས་གྲ་སྒྲིག་ཡོད་ན་ང་ཚོ་གྲོས་མོལ་བྱ་རྒྱུུའི་གྲ་སྒྲིག་ཡིན་ཞེས་གསར་འགོད་པར་ལན་འདེབས་བྱས་ནས་བཟུང་། རྒྱ་གར་གཞུང་དང་སྲིད་དོན་པ། རྒྱ་གར་གྱི་དམག་དཔོན་ཟུར་པ་ཁག་དང་ཉམས་ཞིབ་པ། རྒྱ་གར་གྱི་གསར་འགོད་པ་བཅས་ལ་དོགས་འདྲོག་ཆེན་པོ་ལངས། དེར་བརྟེན་ཕྱི་ཟླ་༤་པའི་ནང་དུ་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཆེད་དུ་ཕེབས་ནས་སྲིད་བློན་མི་དྷིར་དོགས་སེལ་བྱ་དགོས་བྱུང་ཞིང་། རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་འབྲུག་པས་རྒྱ་གར་ལ་རྒྱབ་གཏོད་བྱས་ནས་རྒྱ་ནག་ལ་མཛའ་གྲོགས་སྒྲིག་ཡོད་པ་རེད་དམ་ཞེས་མ་རང་བའི་གནས་ཚུལ་སྤེལ།།

རྒྱ་གར་གྱི་མཁས་པ་ཚོས་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་བྱ་དཀར་ལུང་དང་དཔག་བསམ་ལུང་གི་བྱང་ཕྱོགས་དང་འབྲོག་ལམ་ནུབ་ཕྱོགས་ཀྱི་ས་ཆ་བརྗེ་ལེན་བྱ་རྒྱུའི་གྲོས་མཐུན་བཞག་ན་རྒྱ་གར་ལ་ཉེན་ཚབས་ཆེ། འབྲོག་ལམ་ནས་རྒྱ་གར་གྱི་ཤི་རི་གུ་རིའི་ཤུར་ལམ་ལ་བར་ཐག་ཤིན་ཏུ་ཉེ། ཤི་རི་གུ་རིའི་ཤུར་ལམ་བཀག་ན་རྒྱ་གར་གི་སྐམ་ས་ཆེན་མོ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་འབྲེལ་མཚམས་གཅོད་རྒྱུ་རེད་ཅེས་གླེང་། རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་༡༤་ལ་ས་མཚམས་ཀྱི་རྩོད་རྙོག་འདུག ཁྱིམ་མཚེས་རྒྱལ་ཁབ་དེ་དག་གི་གྲས་ཀྱི་གཅིག་ནི་འབྲུག་ཡུལ་རེད་ཅེས་གནས་ཚུལ་སྤེལ། འབྲུག་པའི་སྲིད་བློན་གྱིས་རྒྱ་ནག་ལ་གྲོས་མོལ་ཐེངས་གཅིག་གཉིས་ཤིག་བྱས་ན་རྩོད་གཞི་རྣམས་ཐག་གཅོད་བྱེད་ཐུབ། ང་ཚོས་རྒྱ་དཀར་ནག་གི་རྩོད་གཞི་དེ་ཐག་གཅོད་ཇི་ལྟར་འབྱུང་རྒྱུ་ཡིན་མིན་ལ་ལྟ་བཞིན་ཡོད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༢༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་སྟོབས་ཤུགས་རྒྱས་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་འབྲུག་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག གལ་སྲིད་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་རྩོད་གཞི་དེར་འགག་སྒྲོལ་ཞིག་འབྱུང་དགོས་ན་རྒྱ་གར་གྱི་ཆོག་མཆན་ཐོབ་དགོས། ལྡི་ལི་གསར་པ་དང་ཐིམ་ཕུག་གཉིས་ལ་འབྲེལ་བ་དམ་ཟབ་ཚུགས། རྒྱ་གར་གྱིས་ལོ་ལྟར་འབྲུག་ཡུལ་ལ་ཨ་སྒོར་དུང་ཕྱུར་མང་པོ་དཔལ་འབྱོར་དང་དམག་དོན་རོགས་རམ། འབྲུག་བོད་ས་མཚམས་ཀྱི་བྱང་ཕྱོགས་དང་ནུབ་ཕྱོགས་སུ་རྒྱ་ནག་དང་འབྲུག་ཡུལ་གཉིས་ལ་རྩོད་གཞི་ཡོད་པ་སེལ་སླ་བ་ཞིག་མིན། ས་མཚམས་ཀྱི་རྩོད་གཞི་ཀུན་གྱི་ནང་ནས་འབྲོག་ལམ་དེ་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་སུམ་འདྲེས་ས་ཁུལ་དུ་ཁེལ་ཡོད་པས་རྒྱ་གར་གྱིས་འབྲུག་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཆོས་ཉིད་རེད་ཅེས་གནས་ཚུལ་སྤེལ་འདུག