བཙན་དབང་གི་གར་སོང་མེད་པར་འགྱུར་བ་སྔོན་འགོག་རྒྱལ་སྤྱིའི་ཁྲིམས་ཡིག་ལ་བྷངྒ་ལ་དེཤ་ཡིས་མིང་རྟགས་བཀོད།

FILE PHOTO: Nobel laureate Muhammad Yunus salutes to the attendees upon arrival at the Bangabhaban to take oath as the head of the interim government

རེས་གཟའ་ཕུར་བུའི་ཉིན་བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་གིས་རྒྱལ་སྤྱིའི་ནང་བཙན་དབང་འོག་མི་སྣ་གར་སོང་མེད་པར་འགྱུར་བ་སྔོན་འགོག་ལ་དམིགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་ལ་མིང་རྟགས་བཀོད་འདུག དེ་ཡང་བར་བརྒལ་སྲིད་གཞུང་གི་དབུ་ཁྲིད་དང་ནོ་ཝེལ་གཟེངས་རྟགས་བཞེས་མཁན་མོ་ཧ་མཏ་ ཡུ་ནུས་ཡིས་གསུངས་དོན་ལ་ཐག་གཅོད་དེ་ནི་བྷངྒ་དེཤ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག་པ་མ་ཟད། ད་ལམ་གྱི་ཐག་གཅོད་དེ་ནི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ནང་བཙན་བཤེད་ཀྱིས་མི་སྣ་གར་སོང་མེད་པ་གྱུར་བ་ཚོར་རྒྱལ་སྤྱིའི་ཐོག་དྲན་གསོ་ཞུ་བའི་ཉིན་མོ་སྲུང་རྩིས་བྱེད་བའི་ཉིན་གཅིག་གི་སྔོན་ལ་བྱུང་བ་ཞིག་ཀྱང་ཡིན་པ་རེད།

དེ་ཡང་ཡུལ་དེའི་ནང་དེ་སྔའི་སྲིད་བློན་ལྕམ་ཤེཀ ཧ་སི་ནས་མི་ལོ་༡༥འི་རིང་སྲིད་དབང་བཟུང་རྒྱུར་བྷངྒ་ལ་དེཤེ་ནང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་། ཕྱོགས་འགལ་གྱི་ལས་འགུལ་བ་སོགས་མི་སྣ་བརྒྱ་ཕྲག་མང་པོ་བཙན་དབང་གིས་གར་སོང་མེད་པར་བཏང་བའི་ཉེས་འཛུགས་མང་པོ་ཕོགས་ཡོད། ཉེ་ཆར་སློབ་ཕྲུག་གཙོ་བོར་འགྱུར་པའི་རྣོ་ངར་ལྡན་པའི་མི་མང་གི་ངོ་རྒོལ་བྱས་རྗེས་སྲིད་བློན་ཧ་སི་ནས་རང་ཡུལ་དང་སྲིད་གཞུང་བཞག་ནས་རྒྱ་གར་ལ་བྲོས་བྱོལ་ཕྱིན་པ་དང་། དེ་རྗེས་ནོ་བྷེལ་གཟེངས་རྟགས་བཞེས་མཁན་མོ་མཏ་ཡུ་ནུས་ཡིས་སྣེ་ཁྲིད་པའི་བར་བརྒལ་གཞུང་བཟུང་ཡོད་ཅིང་། རྒྱལ་ཁབ་ནང་ངོ་རྒོལ་རིགས་མུ་མཐུད་བྱེད་མཁན་བྱུང་ཡོད་ནའང་། ཡུལ་ནང་ཆབ་སྲིད་ཀྱི་བརྟན་ལྷིང་འབྱུང་ཐབས་ལ་གང་ཐུབ་འབད་བརྩོན་གནང་གི་ཡོད་པ་རེད།

ད་ཆ་མི་སྣ་ལྔ་ལས་སྒྲུབ་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ནས་ཡུལ་ནང་གནས་སྟངས་འདྲ་མིན་ཐོག་བཙན་དབང་གིས་གར་སོང་མེད་པར་བཏང་བའི་མི་སྣ་འདས་གསོན་གཉིས་ཀའི་གནད་དོན་ཐོག་ཞིབ་འཇུག་ཐིལ་ཕྱིན་བྱ་རྒྱུའི་འགན་དབང་གནང་འདུག ཚོགས་ཆུང་དེ་ནི་བགྲེས་ཡོལ་དུ་སོང་བའི་ཁྲིམས་དཔོན་ཟུར་པ་གཅིག་གིས་སྣེ་ཁྲིད་པ་དང་ཚོགས་མི་གཞན་གྱི་ནང་ལ་ཁྲིམས་དཔོན་ཟུར་པ་གཅིག་དང་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་དཔོན་གཅིག འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་གཉིས་བཅས་ཡོད་པ་རེད།

ད་ལམ་སྐུ་ཞབས་ཡུ་ནུས་གཞུང་གིས་རྒྱལ་ཚོགས་ཀྱི་གྲོས་མཐུན་དེར་མིང་རྟགས་བཀོད་པ་དེའི་གནད་འགག་གཅིག་ནི། དེ་སྔ་ལྕམ་ཤེཀ ཧ་སི་ནའི་གཞུང་གིས་རྒྱལ་ཚོགས་ཀྱི་མཐུན་གྲོས་དེར་མིང་རྟགས་འགོད་རྒྱུར་མོས་མཐུན་བྱས་མེད་པ་དེ་ལས་མངོན་ཐུབ་ཀྱི་ཡོད། བྷངྒ་ལ་དེཤེའི་གཞུང་གིས་ད་རེས་རྒྱལ་ཚོགས་ཀྱི་མཐུན་གྲོས་འདིར་མིང་རྟགས་བཀོད་པ་དེས་ད་ཆ་ཡུལ་དེར་གར་སོང་མེད་པར་གྱུར་པའི་་མི་སྣ་དང་ཁོང་ཚོའི་ནང་མི་བུ་ཕྲུག་ཚོ་ཧ་ཆད་འུ་ཐུག་གི་དཀའ་སྡུག་མྱངས་ནས་ལོ་མང་པོའི་རིང་ཞུ་གཏུགས་བྱས་པ་ཁག་ལ་ལན་འདེབས་བྱ་རྒྱུའི་གོ་སྐབས་ཤིག་ཆགས་ཡོད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོས་པའི་ཨེ་ཤི་ཡའི་འགན་འཛིན་གཞོན་པ་ལྕམ་མིའི་ནཀ་ཤི་ གྷན་གུ་ལི་ཡིས་གསུངས་འདུག

ཨེ་པི་གསར་ཁང་དང་འགྲོ་བ་མིའི་ལྟ་རྟོགས་ཚོགས་པ་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།