ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་དང་རྒྱ་ནག་གི་ས་ཁྲ་གསར་པའི་རྩོད་གཞི། 

ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་

༄༅།། ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་འཛམ་གླིང་འདིར་གྲང་དམག་གསར་པ་ཞིག་ལང་སྲིད་པ་འགོག་ཐབས། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ལངས་ཡོད་པ་ཞི་འཇམ་གཏོང་དགོས་པའི་གྲོས་སྡུར་བྱས་འདུག ཕྱི་ཟླ་༩་པའི་ཚེས་༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཚད་ལྡན་ས་ཁྲ་གསར་པ་ཟེར་བ་ཞིག་བཏོན་ནས་མངའ་ཁོངས་རྒྱ་སྐྱེད་བཏང་ཡོད་པ་ཚོགས་ཆེན་དེའི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར། ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་འགའ་ཞིག་གིས་རྒྱ་ནག་གིས་ས་ཁྲ་གསར་པར་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཡིས་ང་ཚོར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཁྲུག་རྩོད་སློང་འདོད་མེད། ཧྥི་ལི་ཕིན་ལ་རང་གི་མངའ་ཁོངས་ཀྱི་བདག་དབང་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་རྩོད་གཞི་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁོངས་བདག་དབང་ལ་ལོག་འགྲེལ་བྱེད་ཀྱི་ཡོད་པར་གཏན་ནས་ངོས་ལེན་མེད་ཅེས་བསྒྲགས།།

རྒྱ་ནག་གི་ཚད་ལྡན་ས་ཁྲ་གསར་པ་ཞེས་པ་དེའི་ནང་དུ་ས་ཐིག་བཅུ་འཐེན་ཏེ་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་བརྒྱ་ཆ་༩༠་ལྷག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ཧམ་རྩོད་བྱེད་ཀྱི་ཡོད་ཅིང་། ཧྥི་ལི་ཕིན་གྱི་སྲིད་འཛིན་མར་ཀོ་སི་ཡིས་རྒྱ་ནག་གི་ས་ཁྲ་དེས་ཧྥི་ལི་ཕིན་གྱི་རང་བཙན་དང་རྒྱལ་ཁབ་དེར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་བརྩི་མེད་རྡོག་བརྫིས་གཏོང་གི་འདུག་ཅེས་སྐྱོན་བཙུགས། ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱས་ནས་མཚོ་ལམ་དང་མཁའ་ལམ་གྱི་འགྲིམ་འགྲུལ་རང་དབང་སྲུང་སྐྱོབ་བྱ་དགོས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྔར་མེད་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་མི་ཆོག་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་པ་དེ་དག་གི་སྟེང་དུ་དམག་གི་གནམ་ཐང་དང་མཚོ་དམག་གི་གྲུ་ཁ་འཛུགས་སྐྲུན། ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་པོ་རྒྱ་ནག་གི་དྲག་པོའི་རྟེན་གཞི་ཞིག་ཏུ་སྒྱུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ནི་བྷུ་རུ་ནེ་དང་ཁེམ་བྷོ་ཌི་ཡ། ཨིན་རྡུ་ནེ་ཤི་ཡ་དང་ལའོ་སི། མ་ལེ་ཤི་ཡ་དང་ཧྥི་ལི་ཕིན་སི། སིངྒ་པུར་དང་ཝི་ཏེ་ནམ། འབར་མ་དང་ཐེ་ལན་ཌི་བཅས་ཡིན་ཞིང་། ཁེམ་བྷོ་ཌི་ཡ་དང་ལའོ་སི། འབར་མ་སོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ལ་ཕྱི་འབྲེལ་དང་ཚོང་ལས། དཔལ་འབྱོར་དང་དམག་དོན་བཅས་ཀྱི་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་ཀྱང་ཧྥི་ལི་ཕིན་དང་ཝི་ཏེ་ནམ། ཨིན་རྡུ་ནེ་ཤི་ཡ་སོགས་རྒྱལ་ཁབ་ཁག་ཅིག་གིས་ཨ་མི་རི་ཀར་ཕྱི་འབྲེལ་དང་དམག་དོན། དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཏེ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཕྱོགས་ཁག་གཉིས་སུ་གྱེས། གཟའ་འཁོར་འདིར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་རང་གི་སྒྲིག་འཛུགས་དེ་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་པའི་འབོད་བརྩོན་བྱས་མོད། འོན་ཀྱང་འབར་མའི་དམག་གི་འགོ་ཁྲིད་ཚོས་སྲིད་དབང་ཕྲོགས་པར་སྐྱོན་བརྗོད་དམ། ཡང་ན་འབར་མའི་དམག་གཞུང་གིས་ཞི་བའི་གྲོས་མོལ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༥་ཉིན་ཧྥོར་བྷ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ས་ཁྲ་གསར་པ་ཞིག་བཏོན་ནས་བཙན་རྒྱལ་རིང་ལུགས་ཀྱི་ཧམ་སེམས་ཕྱི་རུ་བསྟན། བདུན་ཕྲག་སྔོན་མར་རྒྱ་ནག་གིས་བཏོན་པའི་ཚད་ལྡན་ས་ཁྲ་གསར་པ་ཟེར་བ་དེའི་ནང་དུ་ཐེ་ཝན་བཅུག་ཡོད་པར་མ་ཟད། ཧྥི་ལིན་ཕིན་དང་ཝི་ཏེ་ནམ། བྷུ་རུ་ནེ་དང་ཨིན་རྡུ་ནེ་ཤི་ཡ། མ་ལེ་ཤི་ཡ། ཨུ་རུ་སུ་དང་རྒྱ་གར་བཅས་ཀྱི་ས་ཆ་རྒྱ་ཆེན་པོ་ཞིག་རྒྱ་ནག་གི་མངའ་ཁོངས་སུ་བཅུག་འདུག དཔེར་ན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་སྟེ། མོན་ཡུལ་གྱི་གཟེ་ལ་དང་སེངྒེ་རྫོང་། སྟང་ལུང་རྫོང་དང་ཝ་མོ་རི། མདེའུ་རི་དང་ལྷུན་གྲུབ་རི། མ་ནི་སྒང་དང་གཤེན་གཡོག་མོ་ཆུ། གུ་མིང་ཤིང་རྩེ་དང་ཏུ་ཏིང་། མིག་ཕན་དང་ཏུ་ལན་ཆུ། མགོ་གླིང་དང་གཏམས་པ། མེ་ལྕག་དང་ལ་དྭགས་ཀྱི་ཨག་སའེ་ཅིན་བཅས་ས་གནས་ཁག་༡༦་རྒྱ་ནག་གི་མངའ་ཁོངས་སུ་བཀོད་འདུག་ཅེས་གནས་ཚུལ་སྤེལ། མོན་ཡུལ་ནི་༡༩༡༤་ལོར་རྒྱ་གར་ལ་དབང་བསྒྱུར་བྱེད་མཁན་དབྱིན་ཇིའི་གོང་མའི་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚོས་སིམ་ལར་ཆིངས་ཡིག་བཞག མེག་མ་ཧོན་ས་ཐིག་འཐེན་པའི་རྗེས་སུ་བོད་ཀྱི་ས་ཆ་དེ་རྣམས་རྒྱ་གར་ལ་ཐོབ་པ་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་གསལ།།

སྲིད་དོན་ཉམས་ཞིབ་པ་ཚོས་གཟའ་མཇུག་འདིར་རྒྱ་གར་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྔོན་དུ་རྒྱ་ནག་གིས་ས་ཁྲ་གསར་པ་ཞིག་བཏོན་པར་གོ་རྒྱུ་ཆེན་པོ་ཞིག་ཡོད་ཤས་ཆེ། རྒྱ་ནག་གི་ས་ཁྲ་གསར་པ་བཏོན་པ་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ། རྒྱལ་ཁབ་གཞན་གྱི་བདག་དབང་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་གཏོང་གི་ཡོད་པའི་ཆ་ཤས་སུ་གཏོགས། རྒྱ་ནག་གིས་རྒྱལ་སྐྱེད་རིང་ལུགས་དང་བཟོ་བཅོས་རིང་ལུགས་ཀྱི་ཧམ་སེམས་བཅངས་ནས་ཕམ་གྱོང་འཁུར་རྒྱུ་མིན་ཟེར་གྱི་ཡོད་པ་མཚོན་ཐུབ། ད་ལྟའི་རྒྱ་ནག་གི་ས་ཁྲ་གསར་པ་དེ་༢༠༠༩་ལོར་མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་ས་ཁྲའི་ནང་དུ་བཀོད་པའི་མངའ་རིས་ལས་རྒྱ་ཆེ་བ་འདུག ༡༩༤༧་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ས་ཐིག་དགུའི་མཚོ་ཁོངས་རྣམས་རྒྱ་ནག་གི་ས་ཆ་ཡིན་ཞེས་རྩོད་པ་རྒྱག་རྒྱུ་མགོ་བརྩམས། ད་ལོ་རྒྱ་ནག་གིས་ས་ཐིག་གཅིག་ཁ་སྣོན་བྱས་ནས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་པས་ཐེ་ཝན་དང་ཧྥི་ལི་ཕིན་སོགས་ཀྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པའི་གནས་ཚུལ་ཐོན།།

ཧྥོར་བྷ་སི་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་ཉི་ཧོང་གི་སན་ཁ་ཀུ་དང་རི་ཡུ་ཀུའམ། རྒྱ་སྐད་དུ་ཏིའོ་ཡུའི་གླིང་ཚོམ་ཞེས་པ་དེའི་བདག་དབང་སུ་ལ་ཡོད་མེད་གསལ་ཁ་མ་གཏད། ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཉི་ཧོང་གི་རྩོད་གཞིར་གྱུར་པའི་གླིང་ཚོམ་དེ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པ་ཡིན་ཤག་ཏུ་བརྩིས་ནས་ས་ཁྲ་གསར་པ་དེ་དཔར་དུ་བསྐྲུན་པ་ཡིན་སྲིད། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་ཨུ་རུ་སུ་དང་རྒྱ་གར་གྱི་ས་ཆ་ཁག་ཅིག་བཅུག་པའང་རྫབ་ཆེན་ཞིག་ཏུ་མངོན། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་མོན་ཡུལ་གྱི་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ། སྔ་ལོ་ཡང་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་མོན་ཡུལ་གྱི་ས་མཚམས་ཁག་ཏུ་ལག་འཛིང་ཐུག ཨག་སའེ་ཅིན་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་ཡོད་ཀྱང་རྒྱ་གར་གྱིས་ས་ཆ་དེའི་བདག་དབང་ནམ་ཡང་བློས་གཏོང་དཀའ། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་ཨུ་རུ་སུའི་བྷོལ་ཤོ་ཡེ་སུ་རི་སི་ཀི་གླིང་ཕྲན་ནམ། རྒྱ་སྐད་དུ་ཧི་ཞ་ཙི་ཞེས་པའི་གླིང་ཕྲན་ཡང་བཅུག་འདུག ༢༠༠༥་ལོར་རྒྱ་ནག་དང་ཨུ་རུ་སུ་གཉིས་གླིང་ཕྲན་དེ་ཆ་བགོ་བྱ་རྒྱུའི་གྲོས་མཐུན་བྱུང་སྟེ་ས་མཚམས་ཀྱི་རྩོད་གཞི་ཐག་ཆོད་ཟིན་པ་ཞིག་བསྐྱར་སློང་བྱས་འདུག་ཅེས་བཀྲལ།།

ཕྱི་ཟླ་༩་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་བལ་ཡུལ་གྱི་ས་ཁྲ་རྙིང་པ་བཀོད། ཀ་ལ་པ་ཎི་དང་ལིམ་ཕི་ཡ་དྷུ་ར། ལི་ཕུག་ལེགས་གསུམ་རྒྱ་གར་གྱི་མངའ་ཁོངས་སུ་བརྩིས་འདུག ༢༠༢༠་ལོར་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ནས་ཀ་ལ་པ་ཎི་དང་ལིམ་ཕི་ཡ་དྷུ་ར། ལི་ཕུག་ལེགས་གསུམ་བལ་ཡུལ་གྱི་ས་ཆ་ཡིན་ཞེས་སྤྱི་མོས་གྲོས་ཆོད་བཞག་སྟེ་བཅའ་ཁྲིམས་གཏན་ལ་ཕབ། བལ་ཡུལ་གཞུང་གིས་ལོ་གསུམ་གྱི་གོང་དུ་གཏན་འབེབས་བྱས་པའི་ས་ཁྲ་གསར་པ་དེར་རྒྱ་ནག་གི་བརྩི་འཇོག་བྱ་དགོས། རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་ཀ་ལ་པ་ཎི་དང་ལིམ་ཕི་ཡ་དྷུ་རུ། ལི་ཕུག་ལེགས་གསུམ་བལ་ཡུལ་གྱི་མངའ་ཁོངས་སུ་བཀོད་མེད་པར་བཟོ་བཅོས་རྒྱག་དགོས་ཞེས་ནན་གྱིས་བསྐུལ། རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་སྤྱི་ཁྱབ་བྷ་ལན་ཤཱ་ཡིས་རྒྱ་ནག་གི་ས་ཁྲ་གསར་པར་ངོ་རྒོལ་བྱས་ནས་ཉི་མ་ལྔར་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་ཡོད་པ་ཕྱིར་འཐེན་བྱས་པ་ཡིན་ཞེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

བལ་ཡུལ་གཞུང་གིས་ཕྱི་འབྲེལ་གྱི་འབྲེལ་ལམ་བརྒྱུད་ནས་རྒྱ་ནག་གི་ས་ཁྲ་གསར་པའི་ནང་དུ་བལ་ཡུལ་གྱི་ས་ཁྲ་གསར་པ་འཇུག་དགོས་པའི་ནན་སྐུལ་བྱ་འཆར་ཡོད། བལ་ཡུལ་གྱི་ས་ཁྲ་གསར་པར་རྒྱ་ནག་གིས་འཛེམ་དོགས་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་འདྲི་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། བལ་ཡུལ་གྱི་ར་ས་ཏྲི་ཡ་ས་ཝ་ཏནྟྲ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་བྷི་ར་ཇ་བྷག་ཏས་ང་ཚོའི་མཛའ་འབྲེལ་རྒྱལ་ཁབ་རྒྱ་ནག་གིས་བདག་དབང་ལྡན་པའི་གྲོས་ཚོགས་ཤིག་གིས་གཏན་ལ་ཕབ་པའི་ས་ཁྲ་དེར་བརྩི་མེད་བཏང་སོང་ཞེས་ཡི་མ་རངས་པའི་རྣམ་འགྱུར་བསྟན། ༢༠༡༩་ལོར་རྒྱ་གར་གྱིས་ས་ཁྲ་གསར་པ་ཞིག་བཏོན་ནས་ཀ་ལ་པ་ཎི་དང་ལིམ་ཕི་ཡ་དྷུ་ར། ལི་ཕུག་ལེགས་གསུམ་རྒྱ་གར་གྱི་མངའ་ཁོངས་སུ་བཅུག ཕྱི་ལོ་དེར་བལ་ཡུལ་གྱིས་ས་ཁྲ་གསར་པ་ཞིག་བཏོན་ནས་རྩོད་གཞི་ཅན་གྱི་ས་ཆ་དེ་རྣམས་བལ་ཡུལ་གྱི་མངའ་ཁོངས་སུ་བསྡུས། རྒྱ་ནག་གི་ས་ཁྲ་གསར་པས་བལ་ཡུལ་དང་རྒྱ་གར་གཉིས་ཀས་ཀ་ལ་པ་ཎི་དང་ལི་ཕུ་ཡ་དྷུ་ར། ལི་ཕུག་ལེགས་གསུམ་གྱི་བདག་དབང་རྩོད་ཀྱི་ཡོད་པའི་རྩོད་གཞི་དེ་སྡུག་ཏུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག