ནོར་བྷེལ་གཟེངས་རྟགས་བཞེས་མཁན་ཡུ་ནིས་བྷྷདྒ་ལ་དྷེཤ་བར་བརྒལ་གཞུང་སྣེ་ཁྲིད་གནང་རྒྱུ།

ནོ་བྷེལ་གཟེངས་རྟགས་བཞེས་མཁན་མོ་ཧཱ་མཏ་ ཡུ་ནི་སི་

Your browser doesn’t support HTML5

ནོར་བྷེལ་གཟེངས་རྟགས་བཞེས་མཁན་ཡུ་ནིས་བྷྷདྒ་ལ་དྷེཤ་བར་བརྒལ་གཞུང་སྣེ་ཁྲིད་གནང་རྒྱུ།

བྷདྒ་ལ་དྷེཤ་ནང་འདས་པའི་བདུན་ཕྲག་འགའ་ཤས་རིང་ངོ་རྒོལ་དྲག་ཟིང་འཚབ་ཆེ་བྱུང་རྗེས་ཡུལ་དེའི་སྲིད་བློན་རྒྱུན་རིང་ཤོས་གནང་མཁན་ཤེག་ཧཱ་སི་ནཱས་སྲིད་བློན་ནས་དགོངས་པ་ཞུས་པ་དང་ཆབས་ཅིག ཡུལ་དེ་ནས་བྲོས་བྱོལ་དུ་སོང་འདུག་པ་དང་། རེས་གཟའ་མིག་དམར་ཉིན་བྷངྒ་ལ་དྷེཤའི་སློབ་ཕྲུག་ངོ་རྒོལ་བྱེད་མཁན་སྒྲིག་འཛུགས་ཀྱིས་ནོ་བྷེལ་གཟེངས་རྟགས་བཞེས་མཁན་མོ་ཧཱ་མཏ་ཡུ་ནི་སི་ལ་ཡུལ་དེའི་བར་བརྒལ་སྲིད་གཞུང་གསར་པ་སྣེ་ཁྲིད་གནང་དགོས་པའི་རེ་འདུན་ཞུས་པ་ལྟར་ཞལ་བཞེས་གནང་ནས་བར་བརྒལ་སྲིད་གཞུང་སྣེ་ཁྲིད་གནང་རྒྱུ་ཡིན་འདུག དེའི་གོང་ཙམ་ལ་བྷང་ལ་དྷེཤ་ནང་གཞུང་ལ་ངོ་རྒོལ་སྣེ་ཁྲིད་བྱེད་མཁན་སློབ་ཕྲུག་ཚོགས་པས་སྤྱི་ཚོགས་དྲ་ལམ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་བྱས་ཡོད་པ་དེའི་ནང་ངོ་རྒོལ་བྱེད་མཁན་སློབ་ཕྲུག་ཚོགས་པའི་འགོ་ཁྲིད་ཚོས་ནོ་བྷེལ་གཟེངས་རྟགས་བཞེས་མཁན་མོ་ཧཱ་མཏ་ ཡུ་ནི་སིའི་ལྷན་དུ་བཀའ་མོལ་ཞུས་སྐབས་ཁོང་གིས་ད་ལྟའི་བྷངྒ་ལ་དྷེཤའི་གནས་སྟངས་ལ་བསམ་ཞིབ་གནང་ནས་བར་བརྒལ་སྲིད་གཞུང་སྣེ་ཁྲིད་གནང་རྒྱུའི་ཁས་ལེན་གནང་བྱུང་ཞེས་བཤད་འདུག་པ་བཞིན་དེ་ལྟར་ཁོང་གིས་ཁས་ལེན་གནང་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཟླ་བའི་ཉིན་བྷངྒ་ལ་དྷེཤའི་སྲིད་འཛིན་དང་ཡུལ་དེའི་དྲག་པོའི་དམག་སྤྱི་བཅས་ཀྱིས་བར་བརྒལ་སྲིད་གཞུང་མགྱོགས་པོ་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་བཤད་འདུག་ཅིང་། ཡུལ་དེའི་སྲིད་བློན་ལྕམ་ཤེག་ཧ་སི་ནཱ་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་པའི་དགོས་འདུན་བཏོན་མཁན་གཙོ་བོ་གཅིག་ནི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ཡུ་ནི་སི་ཡིན་པ་དང་། བྲོས་བྱོལ་དུ་སོང་བའི་སྲིད་བློན་ཟུར་པ་ལྕམ་ཧཱ་སི་ནཱས་ཡུལ་དེའི་སྲིད་གཞུང་བསྐྱངས་སྐབས་ཕྱི་ལོ་༢༠༠༦ལོར་ནོ་བྷེལ་གཟེངས་རྟགས་བཞེས་མཁན་རང་ལོ་༨༣ལ་ཕེབས་པ་ཡུ་ནི་སི་ལ་ལྐོག་ས་རུལ་སུངས་ཀྱི་སྐྱོན་འཛུགས་མང་པོ་ཞིག་བྱས་པ་མ་ཟད། ཁྲིམས་ཁང་ལ་ཡང་གཏུགས་བཤེར་བྱས་ཡོད་ཅིང་། ཡུ་ནི་སིས་རང་ལ་ཧ་སི་ན་གཞུང་གིས་སྐྱོན་འཛུགས་བྱས་པ་དེ་དག་ནི་དགྲ་ཤ་ལེན་རྒྱུའི་སྐུལ་སློང་བཅངས་ཏེ་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག

མོ་ཧཱ་མཏ་ཡུ་ནུ་སུ་ནི་བྷངྒ་ལ་དྷེཤའི་དབུས་ཕོངས་ཉམས་ཐག་སྤྱི་དང་། ལྷག་པར་བུད་མེད་ཚོར་དངུལ་བུན་སྔ་གཡར་བྱས་ཏེ་དཔལ་འབྱོར་དང་འཚོ་བའི་གནས་སྟངས་ལེགས་སུ་གཏོང་ཐབས་གནང་མཁན་ཞིག་ཡིན་པ་དང་། སྲིད་བློན་ཟུར་པ་ཧ་སི་ན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་རེད། བྷངྒ་ལ་དྷེཤའི་གཞུང་གི་ལས་ཀའི་ལམ་ལུགས་ཀྱི་འགྲོ་སྟངས་ལ་འདོད་བློ་མ་ཁེངས་པར་ཡུལ་དེའི་སློབ་ཕྲུག་གཙོ་བོར་གྱུར་བའི་ངོ་རྒོལ་བྱེད་མཁན་སྟོང་ཕྲག་འགའ་ཤས་ཀྱིས་འདས་པའི་བདུན་ཕྲག་འགའ་ཤས་རིང་ལོ་ངོ་༡༥འི་རིང་ཡུལ་དེའི་སྲིད་གཞུང་སྐྱོང་མཁན་སྲིད་བློན་ལྕམ་ཧཱ་སི་ནཱ་ཡི་ལས་ཁུངས་དང་ཁོང་གི་ནང་མི། ཆབ་སྲིད་ཚོགས་པ་དང་འབྲེལ་བ་ཡོད་པའི་ཁང་ཆེན་བཅས་ལ་དཔུང་འཇུག་བྱས་ཡོད་པ་རེད། སྲིད་བློན་ཟུར་པ་ལྕམ་ཧ་སི་ནཱ་བྷངྒ་ལ་དྷེཤ་ནས་བྲོས་བྱོལ་དུ་སོང་བ་དེས་མི་འབོར་མང་བའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དེའི་ནང་བདེ་འཇགས་བརྟན་ལྷིང་མེད་པའི་གནས་སྟངས་དེ་དུང་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་་། གང་ལགས་ཞེཟ་ན། ཡུལ་དེའི་ནང་ལས་མེད་ཀྱི་གྲངས་འབོར་མཐོ་བ་དང་། ལྐོག་ས་རུལ་སུངས། དེ་བཞིན་གནམ་བཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་ལ་གདོང་ལེན་བྱེད་དགོས་ཆགས་ཡོད།

ཡུལ་དེའི་ནང་བདེ་འཇགས་དང་འབྲེལ་བའི་ཐོག་ནས་རྒྱལ་ས་ཌཀྐའི་གནམ་ཐང་གཙོ་བོ་དེ་སྒོ་བརྒྱབས་འདུག སྲིད་བློན་ཟུར་པ་ལྕམ་ཧ་སི་ན་རེས་གཟའ་ཟླ་བའི་ཉིན་དམག་མིའི་གནམ་གྲུ་ཞིག་གི་ནང་ཞུགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་གྱི་ས་གནས་ཤིག་ཏུ་འབྱོར་འདུག་པ་དང་། ཁོང་གང་མགྱོགས་དབྱིན་ཡུལ་ལ་བསྐྱོད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་པི་གསར་ཁང་དང་ཝ་ཤིནཌོན་པོསྜ་གསར་ཤོག་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།