ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཡུཀ་རེན་ལ་བཙན་འཛུལ་བྱུང་ན་རྒྱ་ནག་ལའང་གནོད་རྒྱུ། 


༄༅།། ཉེ་ཆར་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་སྔོན་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཟླ་གྲོགས་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་ཚད་བཀག་མེད་ཅེས་གྲོས་མཐུན་ཞིག་བཞག ཞིས་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་རྒྱབ་སྐྱོར་བྱས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་ཀྱི་ཡོད་པར་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་དྲྭ་ལམ་བརྒྱུད་ནས་འཇར་མན་གྱི་མུ་ནིཀ་གྲོང་ཁྱེར་དུ་ཚོགས་པའི་བདེ་འཇགས་ཚོགས་ཆེན་ལ་རྒྱལ་ཁབ་ཐམས་ཅད་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱ་དགོས་པའི་རྩ་དོན་ལ་གོང་བཀུར་བྱ་དགོས། ཡུཀ་རེན་ལའང་རྩ་དོན་དེ་ཁྱབ་ཀྱི་ཡོད། ཡུཀ་རེན་གྱི་གནད་དོན་ནི་༢༠༡༥་ལོར་བྷེ་ལོ་རུ་སིའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་མིང་རྟགས་བཀོད་པའི་ཞི་བའི་གྲོས་མཐུན་གྱི་དགོངས་དོན་ལྟར་ཐག་གཅོད་བྱ་དགོས་པ་ལས་དམག་འཁྲུག་གི་འུར་བརྒྱབ་སྟེ་དངངས་སྐྲག་བསླངས་ན་དགེ་མཚན་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ནི་གྲང་དམག་གི་མཇུག་འབྲས་ཤིག་ཡིན་པ་དང་གྲང་དམག་སྔ་མོ་ནས་མཇུག་སྒྲིལ་ཟིན་པ་རེད། དེས་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཀྱང་དགོས་ངེས་ཀྱི་བཅོས་སྒྱུར་བྱ་དགོས། གལ་སྲིད་ནུབ་ཆིངས་དམག་དོན་སྒྲིག་འཛུགས་མུ་མཐུད་དུ་ཤར་ཕྱོགས་སུ་རྒྱ་སྐྱེད་བཏང་ན་ཡུ་རོབ་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་དེར་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་ས་རེད་ཅེས་གཏམ་བཤད་བྱས་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས

དེ་རིང་ཕྱི་ཟླ་༢་པའི་ཚེས་༢༡་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཨུ་སུ་སུ་ལ་ཡུཀ་རེན་གྱི་ས་ཐོག་ཏུ་བཙན་འཛུལ་བྱེད་ན་དགེ་མཚན་མེད་པའི་ཉེན་བརྡ་བཏང་བ་ནི་ཨ་མི་རི་ཀར་འབྲེལ་བ་འཛིན་ཐབས་དང་ཨུ་རུ་སུ་ལ་ཕོག་ཐུག་མི་འགྲོ་བའི་ཐབས་ཇུས་སྙོམས་པོ་ཞིག་འཛིན་གྱི་ཡོད་པའི་རྟགས་མཚན་ཡིན་ཞིང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་ཚད་བཀག་མེད་ཟེར་གྱི་ཡོད་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོར་ཨ་མི་རི་ཀ་དགྲ་རུ་འཛིན་འདོད་མེད་པ་གསལ་པོ་རེད། ཉམས་ཞིབ་པ་ཚོས་ཨ་མི་རི་ཀར་ཁ་གཏད་གཅོག་པར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ནས་ཡུཀ་རེན་གྱི་གནས་སྟངས་ཅི་ཙམ་སྡུག་ཏུ་ཕྱིན་ཚེ། རྒྱ་ནག་ལ་དེ་ཙམ་གྱིས་དཔལ་འབྱོར་དང་ཚོང་ལས། ས་ཁམས་ཆབ་སྲིད་བཅས་ཀྱི་ཐོག་ཏུ་ཕམ་གྱོང་འཕོག་རྒྱུའི་ཉེན་ཁ་ཇེ་ཆེ་རེད་ཅེས་བསྟན། ཉེ་དུས་ཤིག་ནས་རྒྱ་ནག་གིས་ཡུཀ་རེན་གྱི་གནད་དོན་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་ཐག་གཅོད་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཁག་དང་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོའི་སློབ་སྟོན་པ་རྣམས་ཉི་མ་འགའ་ཞིག་ལ་ཚོགས་འདུ་ཚོགས་ནས་ནང་མོལ་བྱས་པའི་རྗེས་སུ་རྒྱ་གཞུང་གི་སྐད་ཆ་བཤད་སྟངས་ལ་འགྱུར་བ་ཐེབས་སོང་། རྒྱ་གཞུང་གི་ཕྱི་འབྲེལ་མི་སྣ་ཁག་དང་སློབ་སྟོན་པ་ཚོས་ཨ་མི་རི་ཀར་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་འགལ་ཟླ་ཆེ་རུ་བཏང་ན་ཕུགས་སུ་རྒྱ་ནག་གི་ཡར་རྒྱས་ལ་གནོད་སྐྱོན་འབྱུང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་རྒྱུ། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འབྲེལ་བ་བཅད་ནས་གྲོང་མེད་ཁེར་རྐྱང་དུ་ལུས་སྲིད་པའི་བློ་འཚབ་བྱུང་འདུག་ཅེས་གསར་འགྱུར་སྤེལ།།

པེ་ཅིང་དུ་གཞིས་ཚུགས་ཡོད་པའི་རྒྱ་ནག་དང་གོ་ལའི་ཞིབ་འཇུག་ཁང་སྟེ། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་སློབ་སྟོན་ལྷན་ཚོགས་ཀྱི་འགོ་ཁྲིད་ཝང་ཡུའི་ཡའོ་ཞེས་པ་ཞིག་གིས་རྒྱ་ནག་ལ་ད་དུང་ཡང་ཨ་རྒྱའི་འབྲེལ་བ་འཛིན་འདོད་ཡོད་ཅེས་བཤད། ཉིན་ཤས་གོང་དུ་ཞིས་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ལ་ཁ་པར་ནང་དུ་བཀའ་མོལ་གནང་བའི་སྐབས་སུའང་ཨུ་རུ་སུ་དང་ཡུཀ་རེན་གྱི་རྩོད་གཞི་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་དགོས་ཞེས་བཤད་པར་ཡོད་པར་མ་ཟད། ཞིས་ཅིན་ཕིང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་འབྲེལ་ཐག་རིང་དུ་གཏོང་འདོད་མེད་པའི་འདུན་པ་དྲག་པོ་བཏོན། འདི་ནི་ཕྱི་ཟླ་༢་པའི་ཚེས་༤་ཉིན་ཞིས་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་གི་ཡོད་པར་ངོ་རྒོལ་ཡོད་ཅེས་གཏམ་བཤད་ནན་པོ་བྱས་པ་དང་རྒྱབ་འགལ་དུ་གྱུར། རྒྱ་ནག་དང་ཨུ་རུ་སུའི་ཐུན་མོང་གི་གསལ་བསྒྲགས་དེར་ཡུཀ་རེན་ཞེས་འཁོད་མེད་ཀྱང་ཕུ་ཊིན་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་སྐབས་སུ་ཞིས་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ཤིང་། པེ་ཅིང་གི་ནང་མོལ་དེར་ཆ་རྒྱུས་ཡོད་པའི་མི་ཞིག་གིས་ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ཀར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་སྟོབས་ཤུགས་ཆེ་རུ་འགྱུར་དུ་འཇུག་འདོད་མེད་པ་ནི་གཅིག་མཚུངས་རེད། དེ་བཞིན་ཕུ་ཊིན་གྱིས་ཨུ་རུ་སུའི་བདེ་འཇགས་ལ་བློ་འཚབ་དང་ཞིས་ཅིན་ཕིང་གིས་ཨ་རིའི་ཐེ་ཇུས་འོག་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱེད་ཐུབ་རྒྱུ་མིན་པའི་བློ་འཚབ་བྱེད་ཀྱི་ཡོད་པ་གཅིག་མཚུངས་རེད། ཡིན་ནའང་ཕྱི་ཟླ་༢་པའི་ཚེས་༤་ཉིན་ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེར་འཛམ་གླིང་ཧྲིལ་པོ་དོགས་འདྲོག་ལངས་དགོས་པ་ཞིག་ལ་འགྱུར་རྒྱུ་ཡིན་པ་རྒྱ་ནག་གིས་སྔོན་དཔག་མ་ཐུབ་པ་རེད་ཅེས་བཀྲལ།།

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་དང་ཕུ་ཊིན་གྱི་གསལ་བསྒྲགས་དེ་རྒྱ་ནག་མཐའ་གཅིག་ཏུ་ཨུ་རུ་སུའི་ཕྱོགས་སུ་ལངས་ཏེ་འཛམ་གླིང་གི་སྒྲིག་སྲོལ་ཁག་ལ་འགྱུར་བཅོས་གཏོང་རྒྱུའི་སྔོན་བརྡ་བཏང་བ་ཞིག་ལ་ངོས་འཛིན་བྱུང་ཞིང་། རྒྱ་ནག་གིས་ཨོ་གླིང་དང་ལི་ཐུ་ཝེ་ཎི་ཡ་། ཐེ་ཝན་མཚོ་འགོག་སོགས་སུ་བཙན་དྲག་གི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པས་སྲིད་འཛིན་བྷ་ཌན་གྱིས་འགོ་ཁྲིད་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་པའི་ངེས་ཤེས་རྙེད། དེར་བརྟེན་ཉིན་ཤས་སྔོན་ནས་རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་དུ་ཕྱི་ཟླ་༢་པའི་ཚེས་༤་ཉིན་སྤེལ་བའི་ཐུན་མོང་གི་གསལ་བསྒྲགས་དེར་རྒྱབ་འགལ་གྱི་ལངས་ཕྱོགས་ཤིག་འཛིན་འགོ་ཚུགས་པ་རེད། རྒྱ་ནག་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་ན་ཨ་མི་རི་ཀས་རྒྱ་ནག་ལ་དངུལ་རྩ་དང་འཕྲུལ་རིག་ལག་རྩལ་གྱི་འབྱུང་ཁུངས་འགོག་རྒྱུ། ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་པའི་ཞོར་དུ་རྒྱ་ནག་ལའང་ཉེས་ཆད་གཅོད་རྒྱུ་ཡིན་པས་རྒྱ་ནག་གི་དཔལ་འབྱོར་སྲ་བརྟན་ལ་འགོག་རྐྱེན་འཕྲད་སྲིད་པའི་བློ་འཚབ་བྱུང་བ་རེད། རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚོས་རྒྱ་ནག་གི་ཁེ་ཕན་ལ་མ་གནོད་པར་ཨུ་རུ་སུ་དང་ཡུཀ་རེན་གྱི་རྩོད་རྙོག་འདིར་ལངས་ཕྱོགས་ཤིག་འཛིན་དགོས་པའི་གྲོས་སྡུར་བྱས་འདུག་ཅེས་གནས་ཚུལ་སྤེལ། ཝ་ཤིང་ཊོན་གྱི་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་གྷེ་ལ་སར་གྱིས་རྒྱ་ནག་ལ་ཨ་མི་རི་ཀར་འབྲེལ་བ་འཛིན་རྒྱུ་གནད་འགག་ཆེན་པོ་ཡིན་པ་ལྟར་ཨ་མི་རི་ཀར་ཡང་རྒྱ་ནག་ཨུ་སུ་རུ་ཕྱོགས་སུ་འདེད་འདོད་མི་འདུག་ཅེས་བཤད།།

ཕྱི་ཟླ་༢་པའི་ཚེས་༡༨་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་ཉམས་ཞིབ་མཁས་པ་ཁག་ཅིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་གསལ་བསྒྲགས་དེར་པེ་ཅིང་དང་མོ་སི་ཀོའི་ཟླ་གྲོགས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་ཚད་བཀག་མེད་ཅེས་བཀོད་ཀྱང་ཨུ་རུ་སུའི་དམག་གིས་ཡུཀ་རེན་མཐའ་སྐོར་གྱི་ཡོད་པར་རྒྱབ་སྐྱོར་ཡོད་པའི་གླེང་སློང་མ་བྱུང་། ཨ་རིའི་འཇོར་ཇཱི་མེ་སེན་སློབ་གྲྭ་ཆེན་མོའི་གཞུང་སྲིད་ཞིབ་འཇུག་ཁང་གི་སློབ་དཔོན་ལས་རོགས་ཧུན་ཛེ་ཀེར་གྱིས་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་སྡུག་ཏུ་མ་བཏང་བར་ཨུ་རུ་སུ་ལ་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞིག་བྱེད་ཐབས་མི་འདུག་ཅེས་བཤད། ཨ་རི་ཀའི་ཁེ་ལས་ཁང་གི་ཉམས་ཞིབ་པ་ཝོལ་ཀེར་གྱིས་རྒྱ་ནག་གིས་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་པ་དེས་རྒྱ་ནག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁ་གཏད་པ་ཞིག་ཡིན་པ་ངོ་འཕྲོད་པ་རེད། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འཛིན་གྱི་ཡོད་པའི་འབྲེལ་བ་འདིར་བསྐྱར་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར་འདུག འདི་ནི་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བར་ཉམས་ཚོད་ལེན་པའི་དུས་སྐབས་ཤིག་ཀྱང་རེད། གལ་སྲིད་རྒྱ་ནག་གིས་རང་གི་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ཆེད་དུ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ན་རྒྱ་ནག་ཡིད་རྟོན་མི་རུང་བའི་ཟླ་གྲོགས་ཤིག་ཏུ་གྱུར་པ་རེད། ཞིས་ཅིན་ཕིང་དང་ཕུ་ཊིན་གྱི་གསལ་བསྒྲགས་དེར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་རྒྱུར་ངོ་རྒོལ་ཡོད་ཅེས་འཁོད་མོད། འོན་ཀྱང་ཐུན་མོང་གི་གསལ་བསྒྲགས་དེར་ཡུཀ་རེན་ཞེས་འཁོད་མེད་པ་དེ་ལ་བལྟས་ན་རྒྱ་ནག་གིས་སྒྲུབ་མི་ཐུབ་པ་ཞིག་ཕུ་ཊིན་གྱིས་བསྒྲུབ་དགོས་ཟེར་བ་མིན་ནམ་ཞེས་དོགས་སློང་བྱས་འདུག ཉིན་ཤས་གོང་དུ་སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱིས་རྒྱ་ནག་གིས་ཨུ་རུ་སུ་ལ་ཡུཀ་རེན་གྱི་མངའ་ཁོངས་སུ་བཙན་འཛུལ་བྱེད་ཆོག་ཅེས་མིག་བརྡ་གཏོང་གི་འདུག དེར་བརྟེན་མཐའ་མཇུག་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག ལྷག་པར་དུ་འཛམ་གླིང་ཡོངས་ཀྱི་མིག་ལམ་དུ་རྒྱ་ནག་འཇུག་པོ་ཞིག་ཡོང་གི་མ་རེད་སྐྱོན་བརྗོད་བྱས་ཤིང་། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་བཙན་འཕྲོག་བྱས་པར་རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG