ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༢༦

དཀྱིལ་ཤར་ཡུལ་གྲུའི་ནང་ཛ་དྲག་གི་གནས་སྟངས་སྡུག་ཏུ་མི་འགྲོ་བར་རྒྱལ་ཁབ་ཚོས་ཨི་རན་ལ་བསྐུལ་དེད་བྱེད་དགོས་གསུངས།


ཨི་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མད་ཐེའུ་མི་ལར་
ཨི་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མད་ཐེའུ་མི་ལར་

ཨི་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལ་ དཀྱིལ་ཤར་ཡུལ་གྲུའི་ནང་ཛ་དྲག་ཅན་གྱི་གནས་སྟངས་སྡུག་ཏུ་མི་འགྲོ་བར་ཨི་རན་གྱིས་བྱེད་དགོས་པ་དེ་ཨི་རན་ལ་འགན་ཡོད་པ་དེ་འཛམ་གླིང་རྒྱལ་ཁབ་ཚོས་ཨི་རན་ལ་དྲན་སྐུལ་བྱེད་དགོས་པའི་འབོད་སྐུལ་གནང་བ་ཡིན་ཞེས་གསུངས་འདུག

དེ་ཡང་ཨ་རིའི་ཕྱི་་སྲིད་དྲུང་ཆེ་ཨན་ཐོ་ནི་བེ་ལི་ཀིན་གྱིས་ཨི་རན་གྱིས་ཨིས་རལ་ཐོག་རྒོལ་རྡུང་གི་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པར་བརྟེན་མངའ་ཁུལ་ནང་ཛ་དྲག་ཅན་གྱི་གནས་སྟངས་དེ་ཞི་འཇམ་དུ་གཏོང་རྒྱུའི་ཆེད་ཨ་རིས་ཛ་དྲག་ཆེ་བའི་ཕྱི་འབྲེལ་གྱི་ལས་དོན་བྱེད་བཞིན་ཡོད་ཅེས་གསུངས་འདུག དེ་ཡང་ཕྱི་སྲིད་དྲུང་ཆེས་ཨོས་ཀྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྷན་དུ་རྒྱལ་ས་ཝ་ཤིན་ཀྲིན་ནང་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་སྐབས་འབྲེལ་ཡོད་ཚོགས་པ་ཚང་མས་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག འབྲེལ་ཡོད་ཚང་མས་གནས་སྟངས་ཞི་འཇམ་དུ་འགྲོ་རྒྱུའི་དོན་དུ་ལས་དོན་བྱེད་དགོས་པ་དང། གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་ཡིན་ན་དེ་ནི་སུ་ལ་ཡང་ཕན་ཐོགས་མེད་པ་ཞིག་དང། གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་ཡིན་ན། འཐབ་འཛིང་དང་དྲག་སྤྱོད། དེ་བཞིན་བདེ་འཇགས་ཀྱི་གནས་སྟངས་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་གསུངས་འདུག

བདུན་ཕྲག་སྔོན་མ་པ་ལིས་ཐན་གྱི་དྲག་འཐབ་སྒྲིག་འཛུགས་ཧ་མ་སའི་མཐོ་རིམ་འགོ་ཁྲིད་ཨེས་མལ་ཧ་ནི་ཡ་ཨི་རན་གྱི་རྒྱལ་སའི་ནང་བསད་རྗེས་ཨིས་རལ་གྱིས་ལག་བསྟར་བྱས་པ་ཞིག་ལ་ངོས་འཛིན་བྱས་ནས་ཨིས་རལ་ཐོག་ཡ་ལན་སློག་རྒྱུའི་འཇིགས་སྐུལ་བྱས་པ་དང་གྷ་ཛའི་དམག་འཁྲུག་དེ་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་གཞན་གྱི་ནང་དུ་ཁྱབ་གདལ་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ཆགས་ཡོད།

ཨི་རན་གྱིས་ཧ་མ་སིའི་མཐོ་རིམ་འགོ་ཁྲིད་གསོད་མཁན་ནི་ཨིས་རལ་ཡིན་པར་ངོས་འཛིན་གྱིས་ཨིས་རལ་ཐོག་ཉེས་ཆད་གཏོང་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་དང། ཨིས་རལ་གྱིས་ཧ་མས་ཡི་འགོ་ཁྲིད་གསོད་མཁན་ཨིས་རལ་མིན་ཞེས་བརྗོད་ཀྱི་མེད། ཨི་རན་གྱིས་པ་ལིས་ཐན་གྱི་ཧ་མས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ཧ་མས་ནི་དེང་སྐབས་གྷ་ཛའི་ནང་ཨི་སི་རལ་དང་དམག་འཁྲུག་རྒྱག་མཁན་དེ་རེད།

དཀྱིལ་ཤར་ཡུལ་གྲུའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐོར་ཨ་རིའི་རྒྱལ་སྲུང་ལས་དོན་ལྷན་ཚོགས་ཀྱིས་སྲིད་འཛིན་ཇཱོ་བྷའི་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ ཧ་རིས་རྣམ་གཉིས་ལ་སྙན་སེང་ཞུས་ཡོད་པ་མ་ཟད། ཨིས་རལ་ལ་རྒོལ་རྡུང་བྱུང་བ་ཡིན་ན་ཨ་རིའི་དམག་དཔུང་གིས་ཨིས་རལ་ལ་རོགས་རམ་ཇི་ལྟར་བྱེད་དགོས་པའི་སྐོར་ལས་དོན་གྱི་འཆར་གཞི་ཁག་ཀྱང་སྲིད་འཛིན་དང་སྲིད་འཛིན་སྐུ་གཞོན་རྣམ་གཉིས་ལ་སྙན་སེང་ཞུས་ཡོད་རེད་ཅེས་ཕོ་བྲང་དཀར་པོས་འགྲེལ་བརྗོད་བྱས་འདུག

དཀྱིལ་ཤར་ཡུལ་གྲུའི་ཛ་དྲག་ཅན་གྱི་གནས་སྟངས་ཞི་འཇམ་དུ་གཏོང་རྒྱུའི་དོན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རེས་གཟའ་ཟླ་བའི་ཉིན་ཁ་ཆེའི་རྒྱལ་ཁབ་ཁ་ཌར་གྱི་སྲིད་བློན་དང་ཨི་ཇིབྜ་ཀྱི་ཕྱི་སྲིད་བློན་ཆེན་ལྷན་དུ་གྲོས་མོལ་གནང་འདུག དེ་ཡང་ཨ་རིའི་ཕྱི་སྲིད་ས་ཁུངས་ཀྱི་མགྲིན་ཚབ་པ་མེ་ཐུ་ མི་ལར་གྱིས་དབུ་ཁྲིད་རྣམ་པའི་གྲོས་མོལ་གྱི་གནད་དོན་གལ་ཆེ་བ་གཅིག་ནི་ས་ཁུལ་ནང་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བ་ཨི་རན་གྱིས་བྱེད་དགོས་པ་དེར་འཛམ་གླིང་རྒྱལ་ཁབ་ཚོས་ཨི་རན་ལ་བརྗོད་དགོས་པ་ཡིན་ཞེས་དྲན་སྐུལ་བྱ་རྒྱུ་དེ་ཡིན་པ་དང་། ཨི་རན་གྱིས་ཨིས་རལ་ཐོག་རྒོལ་རྡུང་གི་བྱ་སྤྱོད་གཞན་ཞིག་ལག་བསྟར་བྱས་པ་ཡིན་ན་དེ་ནི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཁེ་ཕན་ལ་འབྲེལ་བ་ཆགས་ཀྱི་རེད། དེར་བརྟེན་རྒྱལ་ཁབ་གཞན་ཚོས་ཨི་རན་ལ་ཛ་དྲག་ཅན་གྱི་གནས་སྟངས་ཛ་དྲག་ཏུ་མི་འགྲོ་བ་བྱེད་དགོས་ཞེས་བརྗོད་དགོས་པ་དེར་ནན་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེས་ད་དུང་འབྲེལ་ཡོད་ཤོག་ཁ་ཚང་མས་དྲག་སྤྱོད་མཚམས་འཇོགས་བྱས་ནས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལ་མོས་མཐུན་བྱེད་དགོས་པའི་འབོད་སྐུལ་ཡང་འདུག

རུའི་ཌར་གསར་སྤེལ་ཁང་ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྱཱི།

གླེང་སྟེགས།

XS
SM
MD
LG