ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་ལ་ཛ་དྲག་གི་ཕྱི་འབྲེལ་ཐབས་ཇུས་གཉེར་བཞིན་པ།


དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་ལ་ཛ་དྲག་གི་ཕྱི་འབྲེལ་ཐབས་ཇུས་གཉེར་བཞིན་པ།
དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་ལ་ཛ་དྲག་གི་ཕྱི་འབྲེལ་ཐབས་ཇུས་གཉེར་བཞིན་པ།

བདུན་ཕྲག་སྔོན་མར་ཨི་རན་གྱི་མཐུན་ཕྱོགས་ཁ་ཆེའི་དྲག་སྤྱོད་ཤོག་ཁ་ཧ་མས་དང་། ཧེཛ་བྷོ་ལ་གཉིས་ཀྱི་འགོ་འཁྲིད་གཉིས་ཨིས་རལ་གྱིས་རྐྱེན་ལམ་དུ་བཏང་རྗེས་ཨི་རན་དང་དེའི་མཐུན་ཕྱོགས་དྲག་སྤྱོད་པའི་ཤོག་ཁ་ཚོས་ཨིས་རལ་ལ་གཏོར་རྒོལ་ཤུགས་ཆེ་བྱེད་ཉེན་ཡོད་པ་དང་། དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་ཞོད་འཇགས་ཐུབ་རྒྱུར་ཨ་རི་གཙོས་རྒྱལ་སྤྱིའི་དབུ་འཁྲིད་རྣམས་དང་ཕྱི་འབྲེལ་ཐབས་ཇུས་མི་སྣ་ཚོས་ཛ་དྲག་གིས་བཀའ་གྲོས་མུ་མཐུད་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སྲིད་འཛིན་ཇོ་ བྷའི་ཌེན་གྱིས་རེས་གཟའ་ཟླ་བའི་ཉིན་དཀྱིལ་ཤར་མངའ་ཁུལ་གྱི་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་སྐོར་ཨ་རིའི་རྒྱལ་སྲུང་ལྷན་ཚོགས་དང་ཇོར་ཌན་གྱི་རྒྱལ་པོ་ཨབ་རྡུལ་ལ་བཅས་ཀྱི་ལྷན་དུ་བཀའ་གྲོས་གནང་འདུག

ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུས་རེས་གཟའ་ཉི་མའི་ཉིན་གཏམ་བཤད་བྱས་པའི་ནངཨི་རན་དང་དེའི་ཕྱོགས་གཏོགས་ཚོས་ཨིས་རལ་ལ་རྒོལ་རྡུང་གཏང་བ་ཡིན་ན་དེར་རིན་པ་ཆེན་པོ་སྤྲད་དགོས་ཐུག་གི་རེད་ཅེས་གསུངས་ནས་ཤུགས་ཆེའི་རྒོལ་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག

ཨི་རན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་་མགྲིན་ཚབ་པ་གཅིག་གིས་རེས་གཟའ་ཟླ་བའི་ཉིན་གསར་འགོད་པར་སྐད་ཆ་ཤོད་སྐབས་ཨི་རན་གྱིས་དཀྱིལ་ཤར་མངའ་ཁུལ་དུ་འཁོན་འཛིན་ཆེ་རུ་གཏང་འདོད་མེད་ཀྱང་ཨིས་རལ་གྱིས་བདུན་ཕྲག་སྔོན་མར་ཨི་རན་གྱི་ས་ཐོག་ཏུ་ཧ་མས་ཤོག་ཁའི་ཆབ་སྲིད་ཀྱི་འགོ་འཁྲིད་ཧ་ནི་ཡེ་རྐྱེན་ལམ་དུ་བཏང་ཡོད་པ་དེར་ཨི་རན་གྱིས་ཨིས་རལ་ལ་དགྲ་ལན་སློག་རྒྱུའི་ཐོབ་ཐང་ཡོདཅེས་བཤད་འདུག

ཨི་རན་གྱིས་སྐྱོན་བརྗོད་བྱས་དོན། ཨིས་རལ་གྱིས་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཧ་མས་ཤོག་ཁའི་ཆབ་སྲིད་ཀྱི་འགོ་འཁྲིད་ཧ་ནི་ཡེ་ཨི་རན་གྱི་རྒྱལ་ས་ཏེ་རན་ནང་རྐྱེན་ལམ་དུ་བཏང་ནས་ཆུ་ཚོད་ཁ་ཤས་སོང་རྗེས་ལེ་བ་ནན་གྱི་རྒྱལ་ས་བྷཻ་རུཊནང་ཨི་རན་གྱིས་རྒྱབ་སྐྱོར་བྱས་པའི་ཁ་ཆེའི་དྲག་སྤྱོད་ཤོག་ཁག་ཧེཛ་བྷོ་ལའི་འགོ་འཁྲིད་ཤུ་ཀྲ་རྐྱེན་ལམ་དུ་བཏང་བ་རེད་ཅེས་བཤད་འདུག

ཨིས་རལ་གྱི་སྲིད་བློན་གྱིས་རེས་གཟའ་ཟླ་བའི་ཉིན་གཏམ་བཤད་བྱས་པའི་ནང་ ཨི་རན་དང་དེས་རྒྱབ་སྐྱོར་བྱས་པའི་ཁ་ཆེའི་དྲག་སྤྱོད་ཤོག་ཁ་ཧ་མས་དང་། ཧེཛ་བྷོ་ལ། ཧུ་ཊི་བཅས་ཀྱིས་དྲག་སྤྱོད་དང་འཇིགས་བསྐུལ་རིང་ལུགས་ལག་བསྟར་བྱས་ནས་ཨིས་རལ་མཐའ་བཞི་བསྐོར་ཏེ་རྩ་མེད་བཟོ་རྒྱུར་དམིགས་ཚད་བཟུང་གི་ཡོད་པས་ཨིས་རལ་གྱིས་གནོད་པ་སྐྱེལ་ཐབས་བྱེད་མཁན་རྣམས་ཐབས་ལམ་གང་ཡོད་ཀྱིས་དགྲ་ལན་སློག་ཐབས་བྱེད་ཀྱི་ཡིན་ཞེས་གསུངས་འདུག

དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་ཆེ་རུ་འགྲོ་ཉེན་ཡོད་པ་མཐོང་སྟེ་ཨ་རི་དང་། ཧྥི་རན་སི། ཁེ་ནེ་ཌ། དབྱིན་ཡུལ། ཇོར་ཌན་བཅས་ཀྱིས་ལེ་བ་ནན་ནང་ཡོད་པའི་སོ་སོའི་མི་སེར་ཚོ་ཕྱིར་ཐོན་དགོས་པའི་ལམ་སྟོན་བྱས་འདུག་པ་དང་། ད་ཆ་ཏུར་ཀི་དང་ཉི་ཧོང་གཉིས་ཀྱིས་ཀྱང་ལེ་བ་ནན་ནང་ཡོད་པའི་མི་སེར་རྣམས་ཕྱིར་ཐོན་དགོས་པའི་སློབ་སྟོན་བྱས་འདུག

ཇོར་ཌན་གྱི་ཕྱི་སྲིད་བློན་ཆེན་ས་ཕ་རྡི་ཡིས་རེས་གཟའ་ཉི་མའི་ཉིན་ཨི་རན་ལ་འཚམས་འདྲི་གཟིགས་སྐོར་ལ་ཕེབས་ཏེ་ཨི་རན་ལ་ད་ཡོད་དཀྱིལ་ཤར་མངའ་ཁུལ་གྱི་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་བྱེད་དགོས་པའི་འབོད་བསྐུལ་གནང་འདུག་པ་དང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོས་ཊིན་གྱིས་ཨིས་རལ་གྱི་སྲུང་སྐྱོབ་བློན་ཆེན་གྷེ་ལེནྜ་ལ་ཞལ་པར་གནང་ནས་ཨིས་རལ་གྱིས་སོ་སའི་བདེ་འཇགས་སྲུང་སྐྱོབ་ལ་ཨི་རན་གྱིས་ཉེན་ཁ་བྱེད་ཀྱི་ཡོད་པ་དེར་གདོང་ལེན་བྱེད་ཀྱི་ཡོད་པ་དེར་ཨ་རིས་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀེན་གྱིས་རེས་གཟའ་ཉི་མའི་ཉིན་བཟོ་ལས་ཡར་ཐོན་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ལྷན་དུ་བཀའ་མོལ་གནང་སྐབས་དཀྱིལ་ཤར་མངའ་ཁུལ་གྱི་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་གནང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དྲུང་ཆེ་བྷི་ལིན་ཀེན་གྱིས་ཨིས་རལ་ལ་སོ་སོའི་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་ནན་བརྗོད་གནང་ཡོད་ཅེས་གསུངས་འདུག

ཨེ་ཨེང་པི་དང་ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG