ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨ་རིའི་མི་མང་ཚོར་སྲིད་འཛིན་འོས་བསྡུར་ཕྱི་ནས་སིམ་འཛུལ་གྱི་ཉེན་ཁ་མེད་པའི་ཡིད་ཆེས་འཕེར་ཐབས།


འོས་ཤོག་བརྩི་ཞིབ་ཚོད་ལྟ་བྱེད་སྐབས་འོས་ཤོག་འཕེན་ཆས་འཕྲུལ་ཆས་ཤིག་བེད་སྤྱོད།
འོས་ཤོག་བརྩི་ཞིབ་ཚོད་ལྟ་བྱེད་སྐབས་འོས་ཤོག་འཕེན་ཆས་འཕྲུལ་ཆས་ཤིག་བེད་སྤྱོད།

ཨ་རིའི་འོས་བསྡུའི་བདེ་འཇགས་འགོ་ཁྲིད་ཚོས་སླེབས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐོར་ལ་དྲིལ་བསྒྲགས་ལོག་པ་གང་བྱུང་སྤེལ་བཞིན་པ་ཁག་ལ་ཨ་རིའི་འོས་འཕེན་མི་མང་ཚོས་སྣང་མེད་བཞག་ནས་དེར་དོ་སྣང་བྱ་རྒྱུ་མེད་ཅེས་ནན་བརྗོད་གནང་འདུག་ཅིང་། འདི་ལོའི་ཟླ་བ་བཅུ་གཅིག་པའི་ནང་མི་མང་ཚོས་འོས་འཕེན་སྐབས་ཨ་རིའི་འོས་བསྡུའི་ལམ་ལུགས་ལ་ཡིད་ཆེས་བྱེད་དགོས་པ་དང། འེས་ཤོག་ཡོངས་རྫོགས་གྲངས་བཤེར་བྱ་རྒྱུའི་གདོང་འཇོག་བྱ་དགོས་པའི་སློབ་སྟོན་བྱས་འདུག

འབྱུང་འགྱུར་ཟླ་བ་ག་ཤས་རིང་བརྒྱུད་ལམ་དང་འབྱུང་ཁུངས་སྣ་ཚོགས་ནས་འོས་འཕེན་པ་ཚོས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་འདྲ་མིན་གོ་སྲིད་པ་དང་། དེ་ཚོའི་ནང་ནས་གལ་ཆེ་ཤོས་དེ་འོས་འཕེན་པ་ཚོས་དྲིལ་བསྒྲགས་ལོག་བཤད་དང། དངོས་ཡོད་གནས་ལུགས་གཉིས་ནས་བདེན་པ་གང་ཡིན་ཤེས་རྟོགས་ཐུབ་པར་བྱ་དགོས་ཞེས་ཨ་རིའི་དྲ་ལམ་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཇེན་་ཨིས་ཏར་ལིས་འགྲེལ་བརྗོད་གནང་འདུག ལྷན་ཁང་དེས་ཨ་རིའི་འོས་བསྡུའི་བདེ་འཇགས་ཀྱི་འགན་འཁུར་གྱི་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་ལྕམ་ཨིས་ཏར་ལིས་གསར་འགོད་པར་གསུངས་དོན་ལ་ཨ་རིའི་འོས་བསྡུའི་བརྒྱུད་རིམ་དང་མཐུན་རྐྱེན་ཁག་ད་ལྟ་ནང་བཞིན་བརྟན་པོ་ཞིག་བྱུང་མྱོང་མེད། དེ་བཞིན་འོས་བསྡུ་དང་འབྲེལ་བའི་ལས་དོན་སྒྲུབ་མཁན་ཚོ་ད་ལྟ་ནང་བཞིན་ཚགས་ཚུད་བྱུང་མྱོང་མེད་པས་ཨ་རིའི་འོས་བསྡུར་གདེང་འཇོག་ཆེན་པོ་སླེབས་ཡོད་པ་མ་ཟད། ཨ་རིའི་མི་མང་ཚོས་ཀྱང་དེ་མཚུངས་ཡིད་ཆེས་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་ཡང་ཨ་རིའི་དགྲ་ཁ་གཏད་དཔེར་ན། ཨུ་རུ་སུ་དང་ཨི་རན། དེ་བཞིན་རྒྱ་ནག་བཅས་ཀྱིས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཐེ་གཏོགས་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་སྐོར་དང་། ད་ནས་ཟླ་བ་གཅིག་ཙམ་གོང་ལ་ཨ་རིའི་དབུས་གསང་བའི་ལྷན་ཁང་གིས་ཉེན་བརྡ་བཏང་རྗེས་ལྕམ་ཨིས་ཏར་ལིས་གོང་གི་བཀའ་མོལ་དེ་གནང་བ་ཞིག་ཡིན་པ་རེད།

ཨ་རིའི་གསང་བའི་ལྷན་ཁང་གིས་ཉེན་བརྡ་བཏང་བའི་ནང་ཨ་རིའི་དགྲ་ཁ་གཏད་ཚོས་ཨ་རིའི་འོས་བསྡུར་མི་མང་ཚོས་ཡིད་ཆེས་མེད་པ་བཟོ་ཐབས་ཀྱི་དྲིལ་བསྒྲགས་དང་འཁྱོགས་བཤད་སྤེལ་བཞིན་པ་དང་ཆབས་ཅིག འོས་མི་གང་ཞིག་འོས་བསྡུའི་ནང་ཕམ་ཉེས་གཏང་རྒྱུར་དམིགས་ཀྱི་ཡོད། འོན་ཀྱང་ཨ་རིའི་འོས་བསྡུའི་བརྒྱུད་རིམ་དང་འཕྲུལ་ཆ་ཁག་ལ་གཏོར་རྒོལ་དང་སིམ་འཛུལ་རིགས་བྱས་ཏེ་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་ཐབས་བྱེད་བཞིན་པའི་གནས་ཚུལ་དེ་འདྲ་ད་ཕན་བྱུང་མྱོང་མེད།

སི་ས་ཞེས་པའི་དྲ་ལམ་བདེ་འཇགས་ལྷན་ཁང་གི་སློབ་བསྟོན་པ་བགྲེས་པ་ཤེཏ་ ཀོན་ལིས་བཤད་དོན། ཨ་རིའི་འོས་བསྡུའི་བརྒྱུད་རིམ་ལ་ཐེ་གཏོགས་བྱ་རྒྱུའི་ཐབས་ཤེས་བྱས་པ་དེ་འདྲ་ད་ཕན་མཐོང་མྱོང་མེད། དེའི་རྒྱུ་མཚན་གཅིག་ནི། བདེ་འཇགས་ལྷན་ཁང་གིས་ས་གནས་ས་ཐོག་ལ་འོས་བསྡུའི་ལས་ཁུངས་གསར་འཛུགས་དང་མི་སྣ་ཇེ་མང་དུ་བཏང་བའི་རྐྱེན་གྱི་ཡིན་པ་དང། དེ་བཞིན་འོས་བསྡུའི་བདེ་འཇགས་ཀྱི་སློབ་བསྟོན་པའི་གྲངས་འབོར་ཇེ་མང་དུ་བཏང་བ་སོགས་ཀྱི་རྐྱེན་པས་ཡིན་མོད། འོན་ཀྱང་འོས་སྡུའི་བརྒྱུད་རིམ་ལ་གཞན་གྱིས་རྩ་བ་ཉིད་ནས་ཐེ་གཏོགས་ཡོང་རྒྱུ་མིན་པའི་ཡིད་ཆེས་ཡང་བྱེད་ཀྱི་མེད། དྲ་ལམ་བདེ་འཇགས་ལྷན་ཁང་གིས་བཤད་དོན་ལ། སླེབས་ལ་ཉེ་བའི་སྲིད་འཛིན་གྱི་འོས་བསྡུའི་བདེ་འཇགས་འགན་སྲུང་བྱ་རྒྱུའི་ཐབས་ལམ་མང་པོ་ལག་བསྟར་བྱེད་བཞིན་པའི་ཁོངས་སུ། འོས་བསྡུའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་སྦྱོང་བརྡར་མང་པོ་ལག་བསྟར་བྱེད་བཞིན་པ་དང། འོས་བསྡུའི་འཕྲུལ་ཆ་ཁག་ལ་སྤུས་ཚད་ཚོད་ལྟ། འོས་བསྡུ་དང་འབྲེལ་བའི་གློག་ཀླད་ཀམ་པུ་ཊར་འགན་སྲུང་བྱ་རྒྱུ་སོགས་ཚུད་ཡོད།

འོས་བསྡུའི་བདེ་འཇགས་མི་སྣས་མུ་མཐུད་གསུངས་དོན་ལ། འོས་བསྡུ་གྲངས་བཤེར་བྱེད་མཁན་གྱི་གློག་ཀླད་ཡོངས་རྫོགས་དྲ་ལམ་དང་མཐུད་མེད་པ་དང། དེ་བཞིན་ཨ་རིའི་མི་མང་བརྒྱ་ཆ་༩༧ ཙམ་གྱིས་གློད་ཀླད་མཉམ་དུ་ཤོག་བུའི་ཐོག་ནས་ཀྱང་འོས་འཕེན་རྒྱུ་ཡིན་པ་ནན་བརྗོད་བྱས་འདུག དེ་ལྟར་ནའང་། ཨ་རིའི་འོས་བསྡུའི་ལམ་ལུགས་ཐད་ལ་ཨུ་རུ་སུ་དང་ཨི་རན་དང། དེ་བཞིན་རྒྱ་ནག་ལྟ་བུས་དྲིལ་བསྒྲགས་ལོག་པ་སྤེལ་མཚམས་འཇོག་རྒྱུ་མིན་པ་དང། རྒྱལ་ཁབ་དེ་དག་གི་དམིགས་ཡུལ་དེ་ཨ་རིའི་མི་མང་ཚོས་འོས་བསྡུའི་ལམ་ལུགས་ལ་ཡིད་ཆེས་མེད་པར་བཟོ་ཐབས་དང། དྭོགས་སློང་བྱ་རྒྱུ་སོགས་ཡིན་པས་དེ་རིགས་མཚམས་འཇོག་བྱེད་རྒྱུ་མིན་པའི་ཡིད་ཆེས་ཡང་བྱེད་ཀྱི་ཡོད།

ལྕམ་ཨིས་ཏར་ལིས་མུ་མཐུད་དེ་གསུངས་དོན་ལ། ཨ་རིའི་དགྲ་ཁ་གཏད་ཚོས་འོས་བསྡུའི་སྐབས་སུ་སྐྱོན་དང་ནོར་འཕྲུལ་ཆུང་ཚགས་བྱུང་བ་ཡིན་ནའང་། དེ་རིགས་གནས་ཚུལ་ཧ་ཅང་ཆེན་པོ་བཟོ་ཐབས་བྱེད་ཀྱི་རེད། དེའི་ཐད་ཁོང་གིས་བློ་འཚབ་གནང་གི་ཡོད་ཅེས་གསུངས་འདུག

ལྕམ་ཨིས་ཏར་ལི་དང་ཀོན་ལེ་གཉིས་ཀྱིས་མུ་མཐུད་གསུངས་དོན་ལ། འོས་བསྡུའི་སྐབས་མི་མང་ཚོར་དོན་མེད་ཀྱི་འཇིགས་སྣང་མ་ཡོང་བའི་ཆེད་ས་གནས་དང་མངའ་སྡེ་སོ་སོའི་དཔོན་རིགས་ཚོར་འོས་བསྡུ་དང་འབྲེལ་བའི་དྲི་བ་བཏང་དགོས་ཀྱི་ཡོད། གལ་ཏེ་མི་མང་ཚོས་སྤྱི་ཚོགས་དྲ་ལམ་ལ་རགས་ལུས་པ་ཡིན་ན་དཀའ་ངལ་ཡོང་སྲིད།

རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཁག་བོད་སྦྱོད་བྱས་ནས་དམའ་མཐར་ཨ་རིའི་ནང་མི་མཐུན་པའི་འགལ་བ་བཟོ་ཐབས་བྱེད་ཀྱི་ཡོད་ཅེས་འབྲེལ་ཡོད་ཨ་རིའི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གིས་ཨ་རིའི་འོས་བསྡུའི་ཐོག་དྲིལ་བསྒྲགས་ལོག་པ་སྤེལ་ཐབས་ལ་ཤུགས་གནོན་རྒྱག་བཞིན་ཡོད་པའི་ཁུངས་སྐྱེལ་དཔང་རྟགས་མང་པོ་འཐོན་བཞིན་པ་རེད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG