ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨ་རིས་ཕྲོགས་པའི་ཨི་རན་གྱི་མཚོན་ཆ་རྣམས་ཡུཀ་རེན་ལ་སྤྲད། 


༄༅།། ཨ་མི་རི་ཀས་སྔ་ལོ་ཨི་རན་གྱི་མཚོན་ཆ་དང་མདེའུ་ས་ཡ་༡་ལྷག་ཕྲོགས་པ་རྣམས་ཡུཀ་རེན་ལ་སྤྲོད་རྒྱུའི་ཐག་བཅད། ཕྱི་ཟླ་༡༠་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱིས་ཨ་ཧྥི་རི་ཀའི་བྱང་ཕྱོགས་སུ་ཆགས་པའི་ཡེ་མན་རྒྱལ་ཁབ་ཀྱི་ཧོ་ཐི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་མཚོན་ཆ་དྲངས། སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཡེ་མན་གྱི་གཞུང་དམག་ལ་རྒྱབ་སྐྱོར་བྱས་ནས་ནང་འཁྲུག་ལངས། ཨ་མི་རི་ཀའི་མཚོ་དམག་གིས་ལོ་མང་རིང་ཨི་རན་ནས་མཚོ་ཐོག་ཏུ་ཡེ་མན་ལ་མཚོན་ཆ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རྣམས་འགོག་གི་ཡོད་ཅིང་། ༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་ཨི་རན་ནས་སྐྱེལ་འདྲེན་བྱས་ཡོང་བའི་མདེའུ་ས་ཡ་༡་དང་འབུམ་༡་ཨ་རིའི་མཚོ་དམག་གིས་བླངས། ཨ་རིའི་དབུས་དམག་དོན་བཀོད་འདོམས་ཁང་གིས་རྒྱལ་ཚོགས་ཀྱི་ཉེས་ཆད་ལྟར་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨི་རན་གཞུང་ནས་ཡེ་མན་གྱི་ཧོ་ཐི་གྱེན་ལོག་པ་ཚོར་མཚོན་ཆ་སྤྲོད་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུའི་ཆེད་སེམས་བཙུགས་ཡོད་པར་འགྱུར་བ་མེད་ཅེས་གསལ་བསྒྲགས་སྤེལ།།

ཨི་རན་གྱི་མདེའུ་དེ་རྣམས་ཡུཀ་རེན་ལ་སྤྲད་ནས་དམག་འཁྲུག་ལ་ཁྱད་པར་ཐོན་མི་ཐུབ་པ་དང་མདེའུ་དེ་ཚོ་ཡུཀ་རེན་ལ་མཁོ་དགོས་ཆེན་པོ་ཡོད་པའི་མཚོན་ཆ་རྣམས་ཀྱང་མིན་ཞིང་། དེ་བཞིན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་དགོས་པའི་དཀའ་ངལ་ཡང་སེལ་དཀའ། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་ཉི་མ་༤༥་རིང་གི་གཞུང་གྲོན་ཞིག་ཆོག་མཆན་བཀོད་པ་དེའི་ཁོངས་སུ་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་ཚུད་མེད་པས་ཨི་རན་གྱི་མདེའུ་དེ་ཚོས་ཡུཀ་རེན་ལ་འཕྲལ་སེལ་རིང་ཕན་ཐོགས་འབྱུང་སྲིད། སྔ་ལོ་དབྱིན་ཇིའི་མཚོ་དམག་གིས་ཀྱང་ཨི་རན་ནས་འཕུར་མདེལ་དང་འཕྲུལ་མདེལ་གྱི་འཕྲུལ་ཆས་ཨ་མ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་གྲུ་གཟིངས་ཤིག་མཚོ་ཐོག་ཏུ་བཀག ༢༠༡༤་ནས་ཨི་རན་གཞུང་གིས་ཡེ་མན་གྱི་ཧོ་ཐི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་མགོ་བརྩམས། སོ་ཌི་ཨ་རེ་བྷི་ཡ་དང་དེའི་མཐུན་རྒྱལ་ཁབ་ཁག་གིས་ཡེ་མན་གཞུང་ལ་རྒྱབ་སྐྱོར་བྱས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱུང་། ད་ལྟ་ཡེ་མན་མི་དམངས་བརྒྱ་ཆ་༨༠་ལྷག་རྒྱལ་སྤྱིའི་སྐྱོབ་གསོ་ལ་བརྟེན་ནས་འཚོ་དགོས་པའི་གནས་སུ་ལྷུང་།།

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་ཡུཀ་རེན་ལ་མདེའུ་དང་ལག་འབོམ་དུང་ཕྱུག་༢་ལྷག་སྤྲད་ཀྱང་མ་འདང་། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ནུབ་ཆིངས་ཀྱི་དམག་དོན་ལྷན་ཁང་གི་གཙོ་འཛིན་རཱོབ་བྷོ་འར་གྱིས་ང་ཚོའི་གོ་མཛོད་རྣམས་སྟོང་པ་རེད། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ལོ་བཅུ་ཕྲག་མང་པོར་མདེའུ་བཟོ་རྒྱུར་འཐུས་ཤོར་ཕྱིན་འདུག ཐ་ན་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུའང་མདེའུ་བཟོ་རྒྱུར་རེམ་མེད་པས་གོ་མཛོད་རྣམས་སྟོང་པའམ། ཡང་ན་ཕྱེད་ཀ་སྟོང་པ་རེད། ཡུ་རོབ་ལ་ལོ་༣༠་ཐམ་པའི་རིང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་ཐོབ་སྟེ་གང་ཅིའི་ཐད་དུ་ཡར་རྒྱས་ཕྱིན་མོད། འོན་ཀྱང་དམག་འཁྲུག་ལངས་དུས་ཡུ་རོབ་ཀྱི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་ཐུབ་མེད་པ་ར་འཕྲོད། ཡུ་རོབ་རྒྱལ་ཁབ་ཁག་དང་མཚོན་ཆའི་བཟོ་ལས་ཁག་གིས་མཚོན་ཆ་དང་མདེའུ་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་ཀྱི་འདུག་ཅེས་ནན་གྱིས་བསྐུལ།

དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་ཇཱེམ་སི་ཧི་ཕེས
དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་ཇཱེམ་སི་ཧི་ཕེས

དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་ཇཱེམ་སི་ཧི་ཕེས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུའི་ཁས་ལེན་བྱས་པ་ལག་ལེན་བསྟར་དགོས་ཞེས་འབོད་སྐུལ་ཞུས། དེང་སྐབས་ནུབ་ཆིགས་ལ་ཚོགས་འཐུས་རྒྱལ་ཁབ་༣༡་ཡོད་པ་དེའི་ཁོངས་ནས་རྒྱལ་ཁབ་༡༡་གིས་མ་གཏོགས་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་དམག་དོན་ལ་འགྲོ་གྲོན་གཏོང་གི་མེད་པ་ཉེན་ཁ་ཞིག་ཏུ་གྱུར། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ང་ཚོས་ཡུཀ་རེན་ལ་རོགས་དངུལ་སྤྲད་པ་རྣམས་རྫོགས་ཚར་འདུག ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲད་ནས་ཨུ་རུ་སུར་ཁ་གཏད་གཅོག་རྒྱུ་ཨ་མི་རི་ཀའི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་བཀྲལ། ཡིན་ནའང་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་སྟེ་ཚོགས་གཙོ་གསར་པ་བསྐོ་མ་ཐུབ། ཨ་རིའི་གྲོས་ཚོགས་ལ་ཚོགས་གཙོ་མེད་པར་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཕྲ་རྣམས་འགགས།།

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དཀྱིལ་ཤར་ས་ཁུལ་གྱི་བདེ་འཇགས་ལས་གཞི་ཁང་གི་འགན་འཛིན་ཇཱོ་ནེ་ཐན་ལོར་ཌིས་ཨི་རན་གྱི་མཚོན་ཆ་དེ་ཚོས་དམག་འཁྲུག་ལ་འགྱུར་བ་ཐེབས་མི་ཐུབ་པ་བདེན། ཡུཀ་རེན་ལ་མཚོན་ཆ་དང་མདེའུ་སྣ་ཚོགས་ཤིག་དགོས་མཁོ་ཡོད་པས་གནས་སྐབས་སུ་ཕན་ཐོགས་འབྱུང་ཤས་ཆེ། ཨི་རན་གྱི་མཚོན་ཆ་དེ་རྣམས་ཡུཀ་རེན་ལ་སྤྲད་ན་ཨུ་རུ་སུ་དང་ཨི་རན་གྱི་འབྲེལ་བར་འགལ་ཟླ་སློང་སྲིད། འདས་པའི་ལོ་གཅིག་ལྷག་ལ་ཨི་རན་གྱིས་བཟོས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཨུ་རུ་སུར་བཙོངས་ནས་ཡུཀ་རེན་གྱི་མི་དམངས་དཀྱུས་མ་རྣམས་དམར་གསོད་བྱས་པ་རེད། ད་ལྟ་ཨི་རན་གྱི་མཚོན་ཆ་རྣམས་ཡུཀ་རེན་ལ་སྤྲད་ན་དགྲ་ཤ་བླངས་པ་ལྟ་བུ་ཞིག་རེད་ཅེས་བསྟན། ཨུ་རུ་སུར་མཚོན་ཆ་འདང་ངེས་མེད་པར་ཨི་རན་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་བྱང་ཀོ་རི་ཡ་ནས་སྒྱོགས་མདེལ་ནང་འདྲེན། ད་དུང་རྒྱ་གར་དང་འབར་མ་སོགས་ལ་བཙོངས་པའི་མཚོན་ཆ་རྙིང་པའི་ལྷུ་ལག་རྣམས་ཕྱིར་ཉོ་བྱས་ནས་མཚོན་ཆ་གསར་པ་བཟོ་བཞིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་སྔོན་མར་ཡུཀ་རེན་གྱི་དམག་གིས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་ཁང་ལ་གཏོར་རྒོལ་བྱས་ནས་དམག་དཔོན་༣༣་བསད། དེར་བརྟེན་ཨུ་རུ་སུའི་དམག་གྲུ་རྣམས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་སི་ཝ་སི་ཊོ་པོལ་གྲོང་ཁྱེར་དུ་གཞིས་ཚུགས་མ་ཐུབ་པར་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་ནོ་ཝོ་རོ་སི་དབྱི་སི་ཀི་ས་གནས་སུ་སྤོས། ཟླ་བ་འདིའི་ཚེས་༡་དང་༢་ཉིན་འཁོར་སྐར་གྱིས་བླངས་པའི་འདྲ་པར་ནང་དུ་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་ཆེ་ཁག་རྣམས་རྟེན་གཞི་སྤོར་ཡོད་པ་གསལ་པོར་མངོན། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་དབང་དུ་བསྡུས། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་སྔོན་ལ་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་རྒྱང་དུ་བསྐྲད། དེ་ནས་རིམ་བཞིན་ཁེ་རེ་མཱི་ཡ་གླིང་ཟུར་ཧྲིལ་པོ་ཨུ་རུ་སུའི་དབང་བསྒྱུར་འོག་ནས་བཅིངས་འགྲོལ་གཏོང་རྒྱུའི་འཐབ་ཇུས་ཤིག་འཛིན་གྱི་འདུག་ཅེས་བཀྲལ།།

གཟའ་ཟླ་བའི་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཕྱི་ཟླ་༩་པའི་ཚེས་༢༢་ཉིན་ཡུཀ་རེན་གྱི་དམག་གིས་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་ཁང་ལ་གཏོར་རྒོལ་བྱས་ནས་དམག་འཁྲུག་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་སོང་། ཨུ་རུ་སུའི་དམག་གྲུ་མང་ཆེ་བ་སི་ཝ་སི་ཊོ་པོལ་ནས་ནོ་ཝོ་རོ་སི་དབྱི་སི་ཀི་ས་གནས་སུ་སྤོར་རྒྱུའི་རྟགས་མཚན་འདུག མཚོ་ནག་མངའ་ཁུལ་ཡོངས་སུ་ཨུ་རུ་སུའི་མཚོ་དམག་གི་སྟོབས་ཤུགས་ཁྱབ་མ་ཐུབ་ཀྱང་མཚོ་ནག་མངའ་ཁུལ་གྱི་ནུབ་ཕྱོགས་སུ་ཨུ་རུ་སུའི་མཚོ་དམག་གི་སྟོབས་ཤུགས་མ་ཉམས་པ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ཟུར་པས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་རྣམས་རྙིང་པ་དང་གོབ་ཏོ་ཡིན་ཞིང་། ཨུ་རུ་སུའི་དམག་གྲུ་གཏོར་སྐྱོན་ཕོག་པ་རྣམས་ཞིག་གསོ་བྱེད་པར་ལོ་མང་འགོར་རྒྱུ་རེད། ཕུ་ཊིན་ལ་དམག་འཁྲུག་གི་མཚོན་ཆ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ཅེས་ནང་མོལ་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་༥༠་ཐམ་པ་སི་པེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་གྷ་ར་ན་ཌ་ཞེས་པའི་ས་གནས་སུ་འདུས་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མེད། ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་ཆོག་མཆན་མ་བཀོད་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་མུ་མཐུད་དུ་བྱ་རྒྱུའི་རྣམ་འགྱུར་སྟོན་གྱི་ཡོད་པའི་གནས་ཚུལ་ཐོན། དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག་གིས་ཕུ་ཊིན་ལ་ཁ་གཏད་གཅོག་དགོས་ན་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡིན་ཞེས་བཤད། གཟའ་ཕུར་བུའི་ཚོགས་ཆེན་འདིར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་མཉམ་ཞུགས་བྱས་ཡོད་པར་མ་ཟད། ཁོང་གིས་དགུན་གྱི་དུས་སུ་ཡུཀ་རེན་གྱི་མཁའ་དབྱིངས་སྲུང་སྐྱོབ་མཚོན་ཆ་དགོས་ཀྱི་འདུག་ཅེས་རེ་བ་བཏོན། ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་བཀག་པའི་ཕྱི་ཉིན་དེར་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༧་གྱི་ཕྱི་སྲིད་བློན་ཆེན་རྣམས་ཡུཀ་རེན་ལ་བསྐྱོད། ༢༠༢༤་ལོར་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༥༢་དང་ཕྱེད་ཀ་རོགས་སྐྱོར་སྤྲོད་རྒྱུའི་ཁས་བླངས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG