ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཡུཀ་རེན་བར་གནས་བྱེད་ཀྱི་ཡོད་ཀྱང་ཕུ་ཊིན་གྱིས་ཕྱེད་ཀར་གཏོང་དགོས་ཟེར། 


༄༅།། སྲིད་འཛིན་ཛེ་ལན་སི་ཀིས་ཞི་བདེའི་ཆེད་དུ་ཡུཀ་རེན་བར་གནས་བྱེད་ཆོག་པ་དང་ཤར་གྱི་ཁ་བྲལ་གྱེན་ལོག་པའི་མངའ་ཁུལ་ཁག་གི་གནས་ཐོབ་ལའང་གུ་བཤངས་བྱེད་ཆོག་ཅེས་གྲོས་མགོ་བཏོན། ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་དུམ་བུ་གཉིས་སུ་བགོ་འཆར་འདུག་ཅེས་སྐྱོན་བཙུགས། ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་གསར་འགོད་པ་ཞིག་ལ་ཐད་ཀར་ཨུ་རུ་སུའི་སྐད་དུ་བརྙན་ལམ་བཅར་འདྲི་ཞིག་དང་ལེན་གནང་སྟེ་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་ན་དེ་ལ་ཚོགས་པ་གསུམ་པ་ཞིག་གིས་འགན་ལེན་བྱ་དགོས། ཞི་བའི་གྲོས་མཐུན་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད་མེད་ཡུཀ་རེན་མི་དམངས་ངེས་པར་དུ་མང་མོས་འོས་འདེམས་བྱེད་དུ་འཇུག་དགོས། ང་ཚོ་བར་གནས་བྱ་དགོས་པ་དང་རྡུལ་ཕྲན་མཚོན་ཆ་མེད་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་དགོས་ན་ཡུཀ་རེན་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་ཞེས་ལངས་ཕྱོགས་གསལ་པོར་བསྟན། ཨུ་རུ་སུའི་གཞུང་གིས་གསར་འགོད་པ་དེས་ཡུཀ་རེན་གྱི་སྲིད་འཛིན་ལ་བཅར་འདྲི་ཞུས་པ་རྒྱང་སྲིང་བྱེད་མི་ཆོག་ཅེས་བཀག ཏུར་ཀིའི་གཞུང་གིས་གཟའ་འཁོར་འདིར་ཨུ་རུ་སུ་དང་ཡུཀ་རེན་གྱི་སྐུ་ཚབ་ཚོས་གྲོས་མོལ་བྱེད་ཐུབ་པའི་མགྲོན་བདག་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷུ་དྷ་ནོབ་ཀྱིས་ཕུ་ཊིན་ལ་ཡུཀ་རེན་ཤར་ཕྱོགས་ཀྱི་ས་གནས་ཁག་བཙན་འཕྲོག་བྱ་རྒྱུའི་ཀུན་སློང་འདུག དཔེར་ན་ཡུཀ་རེན་རྒྱལ་ཁབ་འདི་ལྷོ་བྱང་ཀོ་རི་ཡ་གཉིས་ལྟ་བུ་ཞིག་ལ་བསྒྱུར་རྩིས་བྱེད་ཀྱི་འདུག་ཅེས་བསྒྲགས། ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་གི་མི་དམངས་རྣམས་ཨུ་རུ་སུའི་མི་རིགས་ཡིན་འདུག

ཁ་སང་གཟའ་ཉི་མར་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་ཕུ་ཊིན་ལ་ཁ་པར་བཏང་ནས་མེ་འཕེན་མཚམས་འཇོག་བྱ་དགོས། ཨུ་རུ་སུས་ཡུཀ་རེན་ལ་མི་ཆོས་རིང་ལུགས་ཀྱི་ལས་དོན་སྒྲུབ་པའི་ཆ་རྐྱེན་ཡག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་གཟའ་འཁོར་འདིར་རང་གི་སྐུ་ཚབ་རྣམས་ཏུར་ཀི་རྒྱལ་ཁབ་ཏུ་ཕེབས་ནས་གདོང་དང་གདོང་ཐུག་སྟེ་གྲོས་མོལ་བྱ་འཆར་ཡོད་ཅེས་ངེས་གཏན་བྱུང་ཞིང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཁག་རྣམས་ལེན་མ་ཐུབ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམིགས་བསལ་དམག་དོན་ལས་འགན་རིམ་པ་དང་པོ་གྲུབ་སོང་། ད་ནས་ཡུཀ་རེན་ཤར་ཕྱོགས་ཀྱི་ཌོན་བྷ་སི་མངའ་ཁུལ་ལ་སྲུང་སྐྱོབ་སྲ་བརྟན་བྱ་རྒྱུ་ཡིན་ཞེས་ཡུཀ་རེན་གྱི་མངའ་ཁོངས་ཧྲིལ་པོ་བཙན་འཕྲོག་བྱ་རྒྱུའི་ཧམ་སེམས་མ་གྲུབ་པར་རྒྱལ་ཁབ་དེའི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་བཙན་འཕྲོག་བྱ་རྒྱུའི་བརྡ་ཞིག་བཏང་འདུག ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་བཙན་འཕྲོག་བྱས་པའི་རྗེས་སུ་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོས་ནང་འཁྲུག་བསླངས། འདས་པའི་ལོ་༨་ཀྱི་རིང་དུ་དམག་འཁྲུག་བརྒྱབ་ནས་ཡུཀ་རེན་གྱི་དམག་མི་༡༤༠༠༠་ལྷག་གི་ཚེ་སྲོག་ཤོར། གཟའ་ཉི་མའི་ཉིན་ལུ་ཧན་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་དེའི་འགོ་ཁྲིད་ཀྱིས་མངའ་ཁུལ་དེ་ཨུ་རུ་སུར་ཟླ་སྒྲིལ་བྱ་དགོས་མིན་མི་དམངས་ལ་མང་མོས་འོས་འདེམས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ༢༠༡༤་ལོར་ཁེ་རེ་མི་ཡ་བཙན་འཕྲོག་བྱས་པའི་རྗེས་སུ་ཨུ་རུ་སུར་ཟླ་སྒྲིལ་བྱ་རྒྱུ་ཡིན་ཞེས་མང་མོས་འོས་ཤོག་འཕངས། རྒྱལ་སྤྱིའི་ཐོག་ཏུ་མང་མོས་འོས་འདེམས་དེར་ངོས་ལེན་མ་ཐོབ།།

སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་གསར་འགོད་པ་ཞིག་ལ་ཐད་ཀར་ཨུ་རུ་སུའི་སྐད་དུ་བརྙན་ལམ་བཅར་འདྲི་ཞིག་དང་ལེན་གནང་།
སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་གསར་འགོད་པ་ཞིག་ལ་ཐད་ཀར་ཨུ་རུ་སུའི་སྐད་དུ་བརྙན་ལམ་བཅར་འདྲི་ཞིག་དང་ལེན་གནང་།

ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷུ་དྷ་ནོབ་ཀྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཕུ་ཊིན་གྱིས་ཡུཀ་རེན་དུམ་བུ་གཉིས་སུ་བགོ་ཐབས་བྱེད་ཚེ། ཡུཀ་རེན་གྱི་དམག་གིས་འཇབ་དམག་བརྒྱབ་ནས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུ་རེད། དེ་ནས་ཨུ་རུ་སུར་གདམ་ཀ་གཅིག་ལས་མེད་པ་ནི་རང་གི་སྲོག་མགོ་ཇི་ལྟར་འཐོན་དགོས་མིན་ལ་མནོ་བསམ་གཏོང་དགོས་པ་ཞིག་ཏུ་འགྱུར་ངེས་རེད་ཅེས་སྔོན་བརྡ་བཏང་འདུག ཡུཀ་རེན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་ལ་མང་མོས་འོས་འདེམས་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་ནི་ཁུངས་ལུང་མེད་པའི་སྐད་ཆ་ཞིག་ཡིན། ཨུ་རུ་སུའི་དམག་གིས་གནས་སྐབས་རིང་བཙན་བཟུང་བྱེད་ཡོད་པའི་ས་ཁུལ་ཁག་ལ་མང་མོས་འོས་འདེམས་རྫུན་མ་ཞིག་བྱས་ནས་ཁུངས་འཁྱོལ་ཐབས་མེད། མོང་མོས་འོས་འདེམས་དེར་ཁྲིམས་མཐུན་གྱི་རང་བཞིན་དང་ནུས་པ། རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་སོགས་གང་ཡང་འཐོབ་ཀྱི་མ་རེད་ཅེས་ལུ་ཧན་ཛིཀ་མངའ་ཁུལ་གྱི་གྱེན་ལོག་པའི་འགོ་ཁྲིད་དེའི་གཏམ་བཤད་ལ་དགག་པ་བརྒྱབ། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་དེར་དམིགས་བསལ་གྱི་དམག་དོན་ལས་འགན་ཞེས་མིང་བཏགས་ནས་ཡུཀ་རེན་གྱི་དམག་གི་སྟོབས་ཤུགས་གཅོག་རྒྱུ་དང་ན་ཛི་གསར་པ་རྣམས་རྩ་མེད་གཏོང་རྒྱུ་ཡིན། ཡུཀ་རེན་གཞུང་གིས་ཨུ་རུ་སུའི་མི་རིགས་དང་སྐད་ཡིག་གཙང་སེལ་བྱེད་ཀྱི་ཡོད་པར་འགོག་ཐབས། ཡུཀ་རེན་བཅིངས་འགྲོལ་གཏོང་གི་ཡོད་ཅེས་ཨུ་རུ་སུའི་མི་དམངས་ལ་དྲིལ་བསྒྲགས་ལོག་པ་ཞིག་བྱས་ནས་རང་དབང་གི་གསར་འགྱུར་ལས་ཁང་རྣམས་སྒོ་བརྒྱབ། ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་དེར་བཙན་འཛུལ་བྱེད་པར་ལན་ཁག་དཀྲི་ས་རྫུན་བཟོ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་མི་ཆོག སྲིད་འཛིན་ཛེ་ལན་སི་ཀིའི་སྲིད་གཞུང་མགོ་རྟིང་བསློགས་ནས་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཤར་སྐྱོད་བྱེད་པའི་སྲིད་གཞུང་ཞིག་འཛུགས་རྒྱུ་ཡིན། ཡུཀ་རེན་གྱི་དམག་རྣམས་མེད་པར་གཏོང་དགོས་ཞེས་ཆ་རྐྱེན་བཏོན། ཡུཀ་རེན་གྱིས་སྔོན་ཆད་ཨུ་རུ་སུ་དང་བྷེ་ལོ་རུ་སིའི་ས་ཐོག་ཏུ་གྲོས་མོལ་བྱས་པའི་སྐབས་སུ་དཀའ་ངལ་ཆེན་པོ་ཕྲད་སོང་ཞེས་ཞི་བའི་གྲོས་མོལ་དེར་གྲུབ་འབྲས་འཐོན་ཐུབ་རྒྱུ་ཁག་པོ་ཡིན་པའི་བརྡ་ཞིག་བཏང་འདུག

གཏོར་རྒོལ་ཐེབས་པའི་ཡུག་ཀེ་རན་གྱི་གྲོང་ཁྱེར་མ་རིཔོལ་ནང་གི་སྡོད་དམངས།
གཏོར་རྒོལ་ཐེབས་པའི་ཡུག་ཀེ་རན་གྱི་གྲོང་ཁྱེར་མ་རིཔོལ་ནང་གི་སྡོད་དམངས།

དེ་རིང་གཟའ་ཟླ་བའི་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་དམག་བརྒྱབ་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་བ་ས་ཡ་༣་དང་འབུམ་༨་ལྷག་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌི་དང་རོ་མེ་ཎི་ཡ། ཧང་གྷ་རི་དང་སི་ལོ་ཝ་ཀི་ཡ་སོགས་ལ་བཙན་བྱོལ་དུ་བྲོས། ཁ་གཟའ་ཉི་མར་ཊ་ཊི་ཡ་ན་མ་ནེ་ཡེཀ་ཟེར་བའི་བུད་མེད་ཅིག་གིས་ང་ནི་རང་གི་བུ་མོའི་ཆེད་དུ་བྲོས་བྱོལ་ལ་ཡོང་བ་ཡིན། ཡུཀ་རེན་གྱི་ཨོ་ཌེ་ས་གྲོང་ཁྱེར་གྱི་མི་དམངས་རྣམས་འཇིགས་སྣང་འོག་ཏུ་ཚུད་འདུག འོན་ཀྱང་ང་ལ་བུ་མོ་བསམ་བློ་གཏོང་དགོས་ས་ཞིག་མེད་ན་བཙན་བྱོལ་དུ་ཡོང་ས་མ་རེད། ཕྲུ་གུ་ཚོར་བཟའ་བཏུང་ལྡུད་རྒྱུ་མི་རྙེད་པར་བཀྲེས་ལྟོགས་མྱོང་གི་འདུག དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོང་བ་ཡིན་ཞེས་ཁྱི་ཕྲུག་ཅིག་པང་དུ་བཟུང་ནས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། གཟའ་སྤེན་པའི་མཚན་མོར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཚོན་ཆ་སྣ་མང་ཞིག་ས་རྡུལ་ཁྲོད་དུ་སྤུང་གསོག་བརྒྱབ་ཡོད་པ་དེའི་ཁོངས་ནས་ལྕགས་ཁྲབ་འཁོར་ལོ་དང་དམག་འཐབ་གནམ་གྲུ། འཕུར་མདེལ་སོགས་བརྒྱ་ཆ་༡་ཡུཀ་རེན་ལ་སྤྲོད་རོགས་བྱོས་ཞེས་འབོད་སྐུལ་ཞུས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་གཏོར་སྤྱད་དང་གནམ་གྲུ་གཏོར་སྤྱད་འཕུར་མདེལ། དེ་མིན་གྱི་མཚོན་ཆ་ཆུང་ཁག་རྣམས་སྤྲོད་ཀྱི་ཡོད་ཀྱང་མཚོན་ཆ་ཆེ་ཁག་རྣམས་སྤྲོད་ཀྱི་མེད་པར་མ་ཟད། ཡུཀ་རེན་གྱི་མཁའ་དབྱིངས་སུ་ཨུ་རུ་སུའི་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་ཡང་བྱེད་ཀྱི་མེད་པས་ཨུ་རུ་སུའི་གནམ་དམག་གིས་ཡུཀ་རེན་གྱི་ས་གནས་ཁག་ཏུ་འཕུར་བརྒྱབ་ནས་གཏོར་རྒོལ་ཚབས་ཆེན་ཕོག

ཡུཀ་རེན་གྱི་ནང་སྲིད་ལྷན་ཁང་གི་སློབ་སྟོན་པ་ཌེ་ཎི་སན་ཀོས་གསར་འགོད་པར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་སྣུབ་མཛོད་ཁག་དང་འབྲུ་མཛོད་སོགས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་བཤད། ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པས་ཞི་བའི་མི་སེར་གནས་སྡོད་བྱ་ཡུལ་ཁག་དང་སློབ་གྲྭ སྨན་ཁང་ཁག་དང་བུ་བཙའི་སྨན་ཁང་། ཁྲོམ་ར་དང་ཚོང་ཁང་། མཚོན་ཆ་བཟོ་བཅོས་ལས་གྲྭ་ཁག་བཅས་དབྱེ་བ་མེད་པར་རྒོལ་རྡུང་བྱ་རྒྱུ་མཚམས་མི་ཆད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུཀ་རེན་རྒྱལ་ཡོངས་སུ་མི་དམངས་དཀྱུས་མ་༡༡༡༩་ལ་སྲོག་སྐྱོན་དང་མི་༡༧༩༠་ཐམ་པར་རྨས་སྐྱོན་ཕོག་པ་རྩད་གཅོད་ཐུབ་ཀྱང་དོན་དངོས་ཀྱི་གྲངས་འབོར་ལྡབ་འགའ་ཞིག་མང་བ་ཡོད་ཤས་ཆེ། ཁ་སང་གཟའ་ཉི་མ་གཅིག་པུར་ཡུཀ་རེན་གྱི་བྱིས་པ་༡༣༩་ཨུ་རུ་སུའི་རྒོལ་རྡུང་འོག་ཏུ་བསད་པ་དང་མི་༢༠༥་ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན། ཨུ་རུ་སུ་དང་ཡུཀ་རེན་གྱི་ལས་སྣེ་ཚོ་མ་རི་ཨུ་པུལ་གྲོང་ཁྱེར་ཚུད་པའི་ཡུཀ་རེན་གྱི་ས་གནས་ཁག་གི་མི་མང་དཀྱུས་མ་རྣམས་བྲོས་བྱོལ་དུ་འགྲོ་རུ་འཇུག་རྒྱུ་དང་ཉེན་གཡོལ་གྱི་གོ་སྐབས་སྤྲོད་རྒྱུ། མི་མང་རྣམས་རླངས་འཁོར་བཏང་ནས་འབྲོ་ཆོག་པའི་གྲོས་མཐུན་བྱུང་མོད། འོན་ཀྱང་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་མང་དཀྱུས་མ་ཚོ་བྲོས་བྱོལ་དུ་འགྲོ་བའི་སྐབས་སུ་རྒོལ་རྡུང་བྱས་མྱོང་ཡོད་ཅིང་། ཟླ་བ་གཅིག་ལྷག་ལ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་མ་རི་ཨུ་པུལ་གྲོང་ཁྱེར་མཐའ་བསྐོར་ནས་དཔུང་འཇུག་ལན་མང་བྱས་ཀྱང་གྲོང་ཁྱེར་དེ་ལེན་མ་ཐུབ། མ་རི་ཨུ་པུལ་གྲོང་ཁྱེར་ནི་ཁེ་རེ་མི་ཡ་གླིང་ཟུར་དང་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་གཉིས་ཀྱི་བར་དུ་ཆགས་ཡོད་པས་གྲོང་ཁྱེར་དེ་ཨུ་རུ་སུར་དམག་དོན་འཐབ་ཇུས་ཐོག་ཏུ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG