ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཡུ་ཀེ་རན་གྱིས་དམག་འཐབ་མཚམས་འཇོག་ཐུབ་ཐབས་ལ་རྒྱ་ནག་དང་མོང་གི་ལངས་ཕྱོགས་འཚོལ་བཞིན་པ།


ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཌི་མི་ཏྲི་ ཀུ་ལེ་བྷས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་
ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཌི་མི་ཏྲི་ ཀུ་ལེ་བྷས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་

ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཌི་མི་ཏྲི་ ཀུ་ལེ་བྷས་ཨུ་རུ་སུ་དང་དམག་འཐབ་མཚམས་འཇོག་བྱ་རྒྱུར་ཡུ་ཀེ་རན་གྱིས་རྒྱ་ནག་མཉམ་དུ་ཐུན་མོང་གི་ལངས་ཕྱོགས་འཚོལ་ཐབས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག དེ་ཡང་རེས་གཟའ་ལྷག་པའི་ཉིན་སྐུ་ཞབས་ཀུ་ལེ་བྷས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་གུང་ཀྲོའོའི་ནང་ཐུག་འཕྲད་གྲོས་མོལ་བྱས་འདུག་ཅིང། སྐུ་ཞབས་ཀུ་ལི་བྷ་རྒྱ་ནག་ལ་འཚམས་གཟིགས་གནང་བ་དེ་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་རྗེས་ཡུ་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་མཁན་དང་པོ་རེད།

སྐུ་ཞབས་ཀུ་ལི་བྷས་གསར་འགོད་པར་བཤད་དོན་ལ། དྲང་བདེན་གྱི་ཞི་བདེ་ནི་རྒྱ་ནག་གི་ཐབས་བྱུས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། རྒྱ་ནག་དེ་འཛམ་གླིང་ལ་ཞི་བདེ་འདོད་མཁན་ཞིག་ཡིན་པའི་ལས་དོན་དང་འབྲེལ་བ་ཆེན་པོ་ཡོད་ཅེས་གསུངས་འདུག

རྒྱ་ནག་དང་ཨུ་རུ་སུ་གཉིས་འབྲེལ་བ་བཟང་པོ་ཡོད་པ་དང། རྒྱ་ནག་གིས་ཡུ་ཀེ་རན་དང་ཨུ་རུ་སུ་གཉིས་ཀའི་ཁེ་ཕན་གཞི་རྩར་བཟུང་ནས་དམག་འཐབ་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་ཅིང། རྒྱ་ནག་གི་ལངས་ཕྱོགས་དེ་ཡུ་ཀེ་རན་གྱི་ལངས་ཕྱོགས་དང་རྒྱབ་འགལ་ཆགས་ཀྱི་ཡོད་པ་མ་ཟད། ཨ་རི་དང་ཡོ་རོབ་མངའ་ཁུལ་རྒྱལ་ཁབ་ཚོའི་ལངས་ཕྱོགས་དང་མཐུན་གྱི་མེད། ཡུ་ཀེ་རན་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཕྱོགས་གཉིས་དབར་ཞི་འགྲིགས་ཡོང་རྒྱུར་དང་ཐོག་ཡུ་ཀེ་རན་གྱི་ས་ཁུལ་ཡོངས་ནས་ཨུ་རུ་སུའི་དམག་མི་ཆ་ཚང་བ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད། ཟླ་བ་སྔོན་མར་ཡུ་རོབ་རྒྱལ་ཁབ་སུད་སི་ནང་ཡུ་ཀེ་རན་དམག་འཐབ་ཐད་ལ་ཞི་བའི་ལྷན་འཛོམས་ཞིག་བསྐོངས་ཚོགས་བྱས་ཡོད་པ་དེར་རྒྱ་ནག་གིས་ཆ་ཤས་ལེན་མེད་པ་དང། ལྷན་འཛོམས་དེར་ཨུ་རུ་སུ་མགྲོན་འབོད་བྱས་མེད།

དེ་བཞིན་འདི་ལོ་ཨ་རིའི་སྲིད་འཛིན་འོས་བསྡུའི་གོང་ཡུ་ཀེ་རན་ཐད་སླར་ཡང་ལྷན་འཛོམས་ཞིག་བསྐོངས་ཚོགས་བྱ་རྒྱུའི་འཆར་གཞི་ཡོད་པར་བརྟེན་ལྷན་འཛོམས་དེར་རྒྱ་ནག་མཉམ་ཞུགས་བྱ་རྒྱུར་སྐུ་ཞབས་ཀུ་ལེ་བྷས་རྒྱ་ནག་གི་དཔོན་རིགས་ཚོར་སྐུལ་མ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཁོང་རྒྱ་ནག་ལ་མཚམས་གཟིགས་གནང་དགོས་དོན་དེ་ཡུ་ཀེ་རན་ལ་ཁེ་ཕན་ཡོད་པའི་ཞི་བའི་གྲོས་མཐུན་འཇོག་རྒྱུར་རྒྱ་ནག་གི་ཆ་ཤས་ལེན་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཐོག་ནས་ཕེབས་པ་ཞིག་ཆགས་ཀྱི་ཡོད།

རྒྱ་ནག་གི་དཔོན་རིགས་ཚོས་རྒྱ་ནག་དང་ཡུ་ཀེ་རན་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཡོད་ལུགས་བཤད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པ་དང། རྒྱལ་སྤྱི་དང་མངའ་ཁོངས་ཀྱི་གནས་སྟངས་རྙོག་ཟིང་ཆེན་པོ་ཡོད་པར་ལྟོས་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་ལྟར་ཡར་རྒྱས་འགྲོ་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

སྐུ་ཞབས་ཀུ་ལི་བྷ་རེས་གཟའ་མིག་དམར་ཉིན་རྒྱ་ནག་ལ་འབྱོར་འདུག་པ་དང། རེས་གཟའ་པ་སངས་ཉིན་ཁོང་ཡུ་ཀེ་རན་ལ་ཕྱིར་ལོག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་ཁོང་གིས་སྤྱི་ཚོགས་དྲ་ལམ་ནང་བརྙན་ཐུང་བཞག་པའི་ནང། ཡུ་ཀེ་རན་གྱི་ཞི་བའི་ཆེད་ཁོང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་མཉམ་དུ་གྲོས་མོལ་གཏིང་ཟབ་བྱས་ཏེ་ཐུན་མོང་གི་ལངས་ཕྱོགས་འཚོལ་ཐབས་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད། ང་ཚོས་དྲང་བདེན་དང་རྒྱུན་གནས་ཐུབ་པའི་ཞི་བདེ་འཚོལ་དགོས་ཀྱི་ཡོད། དེ་ལྟར་ཡོང་བར་རྒྱ་ནག་གིས་འགན་ཆེན་པོ་ལེན་ཐུབ་གྱི་རེད་ཅེས་ཁོང་གིས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བཤད་དོན་ལ། བློན་ཆེན་གཉིས་རྒྱ་ནག་གི་གྲོང་ཁྱེར་ཀོང་ཀྲའོའི་ནང་གྲོས་མོལ་བྱས་ཏེ་ཡུ་ཀེ་རན་གི་གནད་དོན་ཐད་ལ་བསམ་ཚུལ་བརྗེ་ལེན་བྱས་ཡོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནི་ནིག་གིས་བཤད་དོན་ལ། གཞི་རྐང་ད་ལྟའི་ཆར་གནས་སྟངས་དང་དུས་ཚོད་དེ་རན་འཚམས་མེད་ནའང། ང་ཚོས་ཞི་བདེ་ཡོང་ཐབས་ཀྱི་ལས་དོན་ཡོངས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང།་ཕྱོགས་གཉིས་དབར་མེ་འཕེན་མཚམས་འཇོག་ཡོང་ཐབས་དང། ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུར་མུ་མཐུད་དེ་འབད་བརྩོན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་འདུག

ཡང་སྐུ་ཞབས་ཀུ་ལེ་བྷས་མུ་མཐུད་དེ་གསུངས་དོན་ལ།། ང་ཚོས་ཀྱང་ཞི་བདེ་དང་བསྐྱར་གསོ། དེ་བཞིན་འཛུགས་སྐྲུན་ཡོང་རྒྱུའི་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་ཕྱོགས་གཉིས་ཀས་ཐབས་བྱུས་དང་འབྲེལ་བའི་གནད་དོན་དེ་རིགས་ཐད་ལ་བསམ་ཚུལ་གཅིག་མཚུངས་རེད། འོན་ཀྱང་ཨུ་རུ་སུའི་དྲག་འཐབ་ལས་འགུལ་ཁང་གིས་ཞི་བདེ་དང་འཛུགས་སྐྲུན་ལས་འཆར་རྣམས་རྩ་མེད་བཟོས་ཡོད་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། ང་ཚོས་ཞི་བའི་ཐབས་ལམ་དང་ལས་འཆར་ཐད་ལ་འགྲན་བརྩོད་བྱེད་མཚམས་བཞག་དགོས་ཀྱི་རེད། རྒྱ་ནག་གིས་ཡུ་ཀེ་རན་གྱི་གནད་དོན་ལ་བལྟས་སྐབས་རྒྱ་ནག་དང་ཡོ་རོབ་ཁུལ་གྱི་གཞི་རྒྱ་ཆེ་བའི་ཐབས་བྱུས་ཀྱི་འབྲེལ་ལམ་ཐོག་ནས་ལྟ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྐུ་ཞབས་ཀུ་ལི་བྷ་རྒྱ་ནག་ལ་མཚམས་གཟིགས་མ་གནང་བའི་གོང་ལ་ཡུ་ཀེ་རན་གྱི་སྲིད་འཛིན་ཛེ་ལནྶ་ཀིས་རྒྱ་ནག་ལ་ཡོང་བསྒྲགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་དང། སུད་སིས་གོང་ཞུས་ལྷན་འཛོམས་ལ་རྒྱལ་ཁབ་གཞན་མཉམ་བཞུགས་མི་ཐུབ་པའི་ཆེད་རྒྱ་ནག་གིས་ཤུགས་གནོན་རྒྱབ་ཡོད་ལུགས་གསུངས་པ་དང་། སྐུ་ཞབས་ཛེ་ལནྶ་ཀིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག་ཅིང། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་མེད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་ནི་སྐུ་ཞབས་ཛེ་ལེནྶ་ཀིས་ཐེངས་དང་པོ་ཡོངས་བསྒྲགས་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་ཞིག་ཡིན་པ་དང། ད་ཕན་ཁོང་གིས་ཧ་ཅང་ཟབ་ནན་ཐོག་ཨུ་རུ་སུ་དང་འབྲེལ་བ་ཆེ་བའི་རྒྱལ་ཁབ་རྒྱ་ནག་མཉམ་དུ་འགུགས་ཐབས་བྱས་ཡོད་པ་རེད།

ཡུ་ཀེ་རན་གྱི་དམག་འཐབ་དེ་འགོ་འཛུགས་བྱས་པ་ནས་བཟུང་འཛམ་གླིང་གི་ཁྲོམ་ར་ནས་ཟུར་འབུད་བྱས་པའི་ཨུ་རུ་སུའི་དཔལ་འབྱོར་ལ་རྒྱ་ནག་གིས་རོགས་པ་གང་ཐུབ་བྱེད་མུས་ཡིན་པ་དང། རྒྱ་ནག་དང་ཨུ་རུ་སུའི་དཔལ་འབྱོར་འབྲེལ་ལམ་ལ་ཨ་རི་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། དཔེར་ན། ཨུ་རུ་སུའི་དམག་འཐབ་ལ་མཐུན་འགྱུར་བྱེད་མཁན་རྒྱ་ནག་གི་དངུལ་ཁང་ཁག་རྗེས་དེད་བྱ་རྒྱུ་ཡིན་སྐོར་ཨ་རི་གཞུང་གིས་ཉེན་བརྡ་བཏང་ཡོད།

ཨེ་པི་དང་ཨེ་ཨེཕ་པི་གསར་ཁང་ནས་གནས་ཚུལ་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG