ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གཟའ་མིག་དམར་ཉིན་བཅར་འདྲི་ཞིག་གི་སྐབས་ལ། ཛེ་ལེན་སི་ཀིའི་སྲིད་འཛིན་གྱི་གོ་གནས་དེ་ཁྲིམས་མཐུན་མིན་པའི་རྐྱེན་གྱིས་ཁོང་ལ་གྲོས་མཐུན་གང་རུང་ཞིག་ལ་མིང་རྟགས་འགོད་རྒྱུའི་ཐོབ་ཐང་མེད་པ་རེད་ཅེས་བརྗོད་འདུག ༢༠༢༢ ལོའི་སྤྱི་ཟླ་ ༢ པར་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱས་རྗེས། ཡུག་ཀེ་རན་གྱིས་གཏན་འབེབས་བྱས་པའི་དམག་ཁྲིམས་ཀྱིས་རྒྱལ་ཡོངས་དང་ས་གནས་ཀྱི་འོས་བསྡུ་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད། མ་གཞི་ཡུག་ཁེ་རན་ནང་སྲིད་འཛིན་གྱི་འོས་བསྡུ་ནི་༢༠༢༤ ལོའི་སྤྱི་ཟླ་ ༣ པར་བྱ་རྒྱུ་ཡིན་པ་དང་། ཛེ་ལེན་སི་ཀིའི་དུས་ཡུན་དེ ༢༠༢༤ལོའི་སྤྱི་ཟླ་ ༥ པར་རྫོགས་རྒྱུ་ཡིན་པ་རེད། སྐྱོན་བརྗོད་བྱེད་མཁན་ཚོས་དམག་ཁྲིམས་བསྡམས་པའི་རིང་ལ་སྲིད་འཛིན་གྱི་དུས་ཡུན་ཇེ་རིང་གཏོང་རྒྱུ་དེ་ཁྲིམས་མཐུན་ལུགས་མཐུན་ཡིན་མིན་སྐོར་ལ་རྩོད་གླེང་འབྱུང་བཞིན་པ་རེད། གཞན་ཡང་ཡུག་ཀེ་རན་གྱི་དཔོན་རིགས་ཚོས་གཟའ་མིག་དམར་ཉིན་བརྗོད་དོན་བྱས་ན། ཨུ་རུ་སུས་དགོང་དྲོར་གནམ་གྲུའི་རྒོལ་རྡུང་བྱས་པར་བརྟེན་ནས་ཡུག་ཀེ་རན་གྱི་མི་བཞི་ལ་རྨས་སྐྱོན་བྱུང་ཡོད་པ་དང་། སྒེར་གྱི་ཚོང་ལས་ཁང་ཞིག་ལ་མེ་ཤོར་བ། གཞན་ཁཱར་ཁི་ཝུ་གྲོང་ཁྱེར་དུ་སྡོད་ཁང་འགའ་ཤས་ལ་གཏོར་སྐྱོན་ཕོག་འདུག
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག་གིས་གཟའ་མིག་དམར་ཉིན་ལ་གཞུང་གི་དཔོན་རིགས་ཚོར་ཨ་རིའི་རོགས་སྐྱོབ་འཆར་གཞིའི་སྐོར་ལ་སྙན་ཐོ་ཞིག་འབྲི་དགོས་པའི་བཀའ་བཏང་ཡོད་ཅིང་། འཆར་གཞི་འདི་དག་གི་མ་དངུལ་ནི་ཨ་རིའི་སྲིད་འཛིན་ཊམ་འཛིན་སྐྱོང་གི་དབུ་ཁྲིད་འོག་ད་ལྟ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་པ་རེད། ཛེ་ལེན་སི་ཀི་མཆོག་གིས། རོགས་དངུལ་དེ་དག་ཚང་མ་འགྲོ་བ་མིའི་རོགས་སྐྱོབ་འཆར་གཞི་ཡིན་པ་དང་། དེ་དག་ཕལ་ཆེ་བ་ཡུག་ཀེ་རན་གཞུང་བརྒྱུད་ནས་ལག་བསྟར་བྱེད་ཀྱི་མེད་པར། ང་ཚོའི་སྤྱི་ཚོགས་དང་ཚོགས་པ་འདྲ་མིན་བརྒྱུད་ནས་ཐད་ཀར་ལག་བསྟར་བྱེད་ཀྱི་ཡོད། ལས་གཞི་མང་པོ་ཡོད་པའི་ནང་ནས་གང་དག་གནད་འགག་ཆེ་བ་དང་འཕྲལ་དུ་ཐག་གཅོད་བྱེད་དགོས་མིན་གང་མགྱོགས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཊམ་མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་ནས་ཉིན་དང་པོ་ནས་ཕྱིའི་ཡུལ་གྲུ་ཁག་ལ་མཐུན་འགྱུར་རོགས་དངུལ་གནང་རྒྱུ་དེ་ཉིན་གྲངས ༩༠ རིང་ལ་མཚམས་འཇོག་གནང་སྟེ། དེའི་རིང་ཨ་རིས་རོགས་དངུལ་འདི་དག་ཁོང་གི་ཨ་རི་གཙོ་འདོན་གྱི་ལས་རིམ་དང་མཐུན་མིན་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད། ༢༠༢༣ ལོའི་ནང་ཨ་རིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རོགས་དངུལ་ལ་ཨ་སྒོར་དུང་ཕྱུར་༧༠ ལྷག་ཙམ་བཏང་ཡོད་ཅིང་། དེའི་ནང་ནས་མང་ཆེ་བ་ཨ་རིའི་USAID དང་ཕྱི་སྲིད་ལྷན་ཁང་བརྒྱུད་ནས་འགྲོ་གྲོན་བཏང་ཡོད་པ་རེད།
གླེང་སྟེགས།