ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཀྲམ་གྱིས་ལྕམ་ཧེ་རེ་སིའི་མི་བརྒྱུད་ལ་དྲི་བ་བྱས།


སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གྱི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་ཨི་ལི་ནོ་ཡི་གྲོང་ཁྱེར་ཆི་ཁ་གོར་ཚོགས་པའི་མི་རིགས་ནག་པོའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གྱི་བགྲོ་གླེང་ཞིག
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གྱི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་ཨི་ལི་ནོ་ཡི་གྲོང་ཁྱེར་ཆི་ཁ་གོར་ཚོགས་པའི་མི་རིགས་ནག་པོའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གྱི་བགྲོ་གླེང་ཞིག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གྱི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་ཨི་ལི་ནོ་ཡི་གྲོང་ཁྱེར་ཆི་ཁ་གོར་ཚོགས་པའི་མི་རིགས་ནག་པོའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་གྱི་བགྲོ་གླེང་ཞིག་ལ་མཉམ་ཞུགས་བྱས་སྐབས་ཨེ་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་རེ་ཆེལ་ སེ་ཀོཌ་ཀྱིས་དྲི་བའི་ནང་སྐུ་ཞབས་ཀྲམ་གྱིས་དུས་ནས་དུས་སུ་མི་རིགས་ནག་པོར་མཐོང་ཆུང་དམའ་འབེབ་དང་མིང་འདོགས་ངན་པ་བཏགས་པ་སོགས་ལ་བརྟེན་ནས་ད་ཆ་མི་རིགས་ནག་པོ་ཚོས་ཁོང་ལ་རྒྱབ་སྐྱོར་གང་གི་ཕྱིར་བྱེད་དགོས་ཞེས་དྲིས་པར་སྐུ་ཞབས་ཀྲམ་གྱིས་ལན་ཁ་ཐུག་མ་བརྒྱབས་པར་གསར་འགོད་པ་དེས་ཁོང་ལ་ཡིན་ལུགས་ཚུལ་མཐུན་གྱི་དགའ་བསུ་མ་བྱས་པར་སྐྱོན་འཛུགས་ཀྱི་རྣམ་པ་བྱས་བྱུང་ཞེས་དང་། གསར་འགོད་པ་དེའི་ལས་ཁང་ཨེ་བྷི་སི་ཡང་གསར་འགྱུར་ལས་ཁང་རྗུན་མ་ཡིན་ལུགས། ཁོང་ལ་མགོ་སྐོར་བསླུ་ཁྲིད་འོག་འབོད་འགུག་བྱས་ལུགས། ཁོང་ནི་མི་རིགས་ནག་པོར་ཕན་ཐོགས་ཆེ་ཤོས་བྱེད་མཁན་གྱི་སྲིད་འཛིན་གཅིག་ཡིན་ཞེས་སོགས་གསུངས་པ་མ་ཟད། དེར་འཛོམས་པའི་མི་རིགས་ནག་པོའི་འདུ་ཚོགས་ཐོག་ཁོང་གི་ཁ་གཏད་ཀ་མ་ལ་ ཧེ་རེ་སི་ནི་ཉེས་དུས་བར་དུ་རྒྱ་གར་བའི་མི་བརྒྱུད་ཡིན་ལུགས་བརྗོད་མྱོང་ཡོད་ནའང་། ཕྱིས་སུ་གློ་བུར་དུ་ཁོང་གི་མི་བརྒྱུད་ནག་པོ་ཡིན་ལུགས་སྐད་བསྒྲགས་བྱེད་ཀྱི་འདུག་ཅེས་གསུངས་འདུག་ཀྱང། ལྕམ་ཀ་མ་ལ་ ཧེ་རེ་སེ་ནི་སྐྱེས་མ་རྒྱ་གར་བ་ཞིག་དང་ཕ་འཇའ་མེ་ཁ་ནས་ཡིན་པའི་མི་བརྒྱུད་ནག་པོ་གཅིག་ལས་འཁྲུངས་པའི་མི་རིགས་འདྲེས་མའི་མི་བརྒྱུད་གཅིག་ཡིན་པ་ལྟར་གསར་འགོད་པས་སྐུ་ཞབས་ཀྲམ་ལ། ལྕམ་ཧེ་རེ་སེ་ནི་ཨ་རིའི་རྒྱལ་སར་བརྟེན་གཞི་བྱས་པའི་མི་རིགས་ནག་པོའི་མཐོ་སློབ་གྲགས་ཅན་ཧ་ཝཌ་མཐོ་སློབ་ནས་སློབ་ཐོན་བྱུང་བ་མ་ཟད། ཁོང་ནི་མི་རིགས་ནག་པོའི་བེུད་ཀྱི་སྐྱིད་སྡུག་ཁག་ཅིག་གི་ཚོགས་མི་ཡིན་པ་དང་ཕྱོགས་མཚུངས་ད་བར་ཁོང་ནས་མི་རིགས་ནག་པོ་དང་རྒྱ་གར་བའི་མི་རིགས་འདྲེས་མ་ཡིན་སྐོར་ཡོངས་བསྒྲགས་གནང་ཡོད་པ་སོགས་འགྲེལ་བཤད་ཀྱིས་དག་སེལ་བྱས་ཡོད་པ་རེད།

ད་ལམ་སྐུ་ཞབས་ཀྲམ་གྱིས་ལྕམ་ཀ་མ་ལ་ཧེ་རེ་སེ་ནི་འཇོན་ཐང་མེད་པའི་མི་རིགས་དཀར་པོ་མ་ཡིན་པའི་ཨ་རི་བ་ཞིག་ལ་དམིགས་བསལ་བྱས་ཏེ་མཐོ་རིམ་གོ་གནས་ཐོག་ཞུགས་མཁན་ཞིག་རེད་ཅེས་གཏམ་བཤད་བྱས་པ་དེ་ཡས་ངོས་ལེན་མེད་ལུགས་གསལ་པོ་མ་བཟོས་བར་དེ་མུར་བཞག་འདུག

མི་རིགས་ནག་པོའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་དེར་ཀྲམ་གྱིས་ཁོང་ནི་སྲིད་འཛིན་འདས་པོ་ཨེབ་ར་ཧེམ་ལིན་ཁོན་གྱི་རྗེས་ལ་མི་རིགས་ནག་པོར་བཀའ་དྲིན་ཆེ་ཤོས་ཀྱི་སྲིད་འཛིན་དེ་ཡིན་ཞེས་སོགས་གསུངས་སྐབས་འདུ་འཛོམས་དེ་ནས་མི་རེ་ཟུང་གིས་དགའ་བསུའི་ལག་པ་བརྡབ་འདུག་ཀྱང་། མང་པོ་ཞིག་གིས་འཕྱ་སྨོད་ཀྱི་འུར་སྒྲ་བསྒྲགས་འདུག སྐུ་ཞབས་ཀྲམ་ལ་ད་རེས་མི་རིགས་ནག་པོའི་གསར་འགོད་མཐུན་ཚོགས་ཐོག་མགྲོན་འབོད་ཞུས་པ་དེ་ནི་མཐུན་ཚོགས་དེས་སྲིད་འཛིན་ནམ་སྲིད་འཛིན་འོས་མི་གང་རུང་ལ་མགྲོན་འབོད་ཞུ་བའི་སྲོལ་རྒྱུན་གཞིར་བཟུང་བྱས་པ་ཞིག་ཡིན་ནའང་། ཁོང་གདན་ཞུ་བྱས་པར་ངོ་རྒོལ་བྱེད་མཁན་ཡང་མང་པོ་བྱུང་བའི་ཁོངས་སུ་མཐུན་ཚོགས་དེའི་མཐོ་རིམ་ལས་བྱེད་ཤིག་གིས་ངོ་རྒོལ་མཚོན་ཆེད་ལས་གནས་ནས་དགོངས་ཞུ་བྱས་འདུག

ཨེ་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ སྒྲིག་འཛུགས་དེས་རིང་མིན་མང་གཙོ་ཚོགས་ཁོངས་ནས་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེ་སེ་ལའང་དྲ་ཐོག་གམ། ས་གནས་ཤིག་ཏུ་གདན་ཞུས་ཀྱིས་གནད་དོན་སྣ་མང་ཐོག་དྲི་བ་དྲིས་ལན་གོ་སྒྲིག་བྱེད་གཏན་འཁེལ་ཡོད་ཅེས་གསལ་འདོན་བྱས་འདུག

ཨེ་པི་གསར་འགྱུར་ལས ཁང་དང་ཨ་རི་རླུང་འཕྲིན་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG