ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཨ་རིའི་འོས་བསྡུ་རྣོ་ངར་ཆེ་རུ་སོང་བའི་སྐབས་འདིར་ཀྲམ་དང་ཧེ་རི་སི་གཉིས་གཅིག་གིས་གཅིག་ལ་དམའ་འབེབ་བྱེད་རེས་བྱས།


སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་དང་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་
སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་དང་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་

ཕྱི་ཟླ་༡༡པའི་ནང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བྱ་རྒྱུ་ཡིན་པའི་སྔ་རོལ་དུ་སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་དང་ ཁོང་གི་ཁ་གཏད་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཕན་ཚུན་གཅིག་གིས་གཅིག་ལ་ཐེ་ཚོམ་མེད་པར་དམའ་འབེབ་དང་སྐྱོན་བརྗོད་བྱེད་རེས་འགོ་འཛུགས་བྱས་འདུག

བདུན་ཕྲག་སྔོན་མར་སྲིད་འཛིན་ཇོ་བྷའི་ཌན་ལ་ཏོག་དབྱིབས་ཀྱི་ནད་རྟགས་བྱུང་རྗེས་ད་ཆ་དྲག་སྐྱེད་བྱུང་ནས་ཕོ་བྲང་དཀར་པོར་ཕྱིར་ལོག་གནང་འདུག་ཅིང་། ཁོང་གིས་སྲིད་འཛིན་གྱི་ལས་ཡུན་ལྷག་འཕྲོས་དེ་ཕྱི་འབྲེལ་སྲིད་ཇུས་ཐོག་དམིགས་ཡུལ་བཟུང་བ་རྣམས་མཐའ་འཁྱོལ་གནང་རྒྱུར་བེད་སྤྱོད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས། མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་སྲིད་འཛིན་བྷའི་ཌན་གྱི་སྐུ་གཟུགས་དང་དྲན་ཤེས་ཡག་པོ་མེད་པ་དང་མང་ཚོགས་ཀྱི་བསམ་ཚུལ་བསྡུས་པའི་ནང་ཁོང་ལ་རྒྱབ་སྐྱོར་གྱི་ཚད་སྐྱོ་རུ་འགྲོ་ཡི་ཡོད་པར་བློ་འཚབ་བྱས་ནས་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་དགོས་ཞེས་གནོན་ཤུགས་སྤྲད་རྗེས་རེས་གཟའ་ཉི་མའི་ཉིན་དགུང་གྲངས་༨༡ལ་ཕེབས་པའི་སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྒྱུའི་གསལ་བསྒྲགས་གནང་།

རེས་གཟའ་མིག་དམར་ཉིན་དགུངས་གྲངས་༧༩ལ་ཕེབས་པའི་སྲིད་འཛིན་ཟུར་པ་ཀྲམ་གྱིས་རང་ཉིད་ཀྱི་་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཐོག་རྫུན་གཏམ་ཤོད་མཁན་ཀ་མ་ལ་ཧེ་རི་སིས་ལས་དོན་ག་འདྲ་ཞིག་ལ་ལག་པ་འཆང་བ་དེ་དག་ཡོངས་རྫོགས་ཕན་ཐོགས་མེད་པ་ཞིག་ལ་གྱུར་འཇུག་གི་ཡིན་ཞེས་དང་། ཀ་མ་ལ་ཧེ་རི་སིས་སྲིད་འཛིན་བྷའི་ཌན་གྱི་གནང་སྟངས་གང་ཡིན་པ་རྣམས་ཕྱིར་བསྒྲགས་མ་བྱས་པར་སྦས་གསང་བྱ་རྒྱུར་རོགས་འདེགས་བྱས་པ་རེད་ཅེས་སྐྱོན་འཛུགས་བྱས་ཡོད། སྲིད་འཛིན་བྷའི་ཌན་གྱིས་སྲིད་འཛིན་གྱི་ལས་ཡུན་ཟླ་བ་དྲུག་ཙམ་ལས་མེད་པ་དེ་ཆ་ཚང་མཇུག་འཁྱོངས་གནང་རྒྱུ་དང་། དེ་བཞིན་ལྷག་བསམ་ཟོལ་མེད་ཀྱིས་དུས་ཡུན་ལོ་གསུམ་དང་ཕྱེད་ཀ་དེ་རང་གི་ཕྱག་རོགས་སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ཧེ་རིས་ལ་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་གི་ཡིན་ཞེས་གསུངས།

རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་ལྕམ་ཀ་མ་ལ་ཧེ་རིས་འོས་བསྡུའི་ལས་བྱེད་པ་ཚོར་ངོ་སྤྲོད་གནང་བ་དང་ཆབས་ཅིག རྩ་བའི་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིའི་མིང་ལ་འགྱུར་བ་བྱུང་ཡོད་ནའང་། གྲུབ་ཆའི་དམིགས་ཡུལ་ལ་འགྱུར་བ་གང་ཡང་སོང་མེད། ང་གང་དུ་ཡང་འགྲོ་རྩིས་མེད་པར་ལྕམ་ཀ་མ་ལ་ཧེ་རིས་མཉམ་དུ་འོས་བསྡུའི་ལས་འགུལ་མུ་མཐུད་ནས་སྤེལ་འཆར་ཡོད་ཅེས་གསུངས་འདུག སྲིད་འཛིན་བྷའི་ཌན་གྱིས་རེས་གཟའ་ལྷག་པའི་ཕྱི་དྲོ་ཙམ་ལ་ཕོ་བྲང་དཀར་པོ་ནས་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་སྐོར་དང་སྲིད་འཛིན་གྱི་ལས་དུས་ལྷག་འཕྲོས་ཀྱི་འཆར་གཞི་གང་ཡོད་པ་སོགས་ལ་གཏམ་བཤད་གནང་རྒྱུ་རེད།

དེ་སྔ་༡༩༦༨ལོར་ཨ་རིའི་སྲིད་འཛིན་ལིན་ཌོན་ཇོན་སོན་གྱིས་སྲིད་འཛིན་གྱི་ལས་དུས་གཉིས་པར་བསྐྱར་དུ་བཞེངས་རྒྱུ་མིན་པའི་ཐག་གཅོད་བྱུང་བའི་རྗེས་སྲིད་འཛིན་བྷའི་ཌན་ནི་སྲིད་འཛིན་ལས་ཐོག་གཅིག་གིས་འོས་བསྡུའི་འགྲན་རྩོད་ནང་བསྐྱར་དུ་མ་བཞེངས་མཁན་ཐོག་མ་དེ་ཆགས་ཡོད། ཐོག་མའི་ཆར་མང་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གི་བསམ་བློར་སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་བའི་རྗེས་ཁོང་གི་ཚབ་ལ་སྲིད་འཛིན་གྱི་འོས་མི་འགའ་ཞིག་གིས་འགྲན་རྩོད་བྱེད་སྲིད་པར་ཡིད་ཆེས་བྱས་ཡོད་ཀྱང་། ད་ཆ་མང་གཙོ་ཚོགས་ཁོངས་ཀྱི་ཚོགས་མི་ཕལ་ཆེ་བས་ལྕམ་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱས་ཏེ་ཁོང་མང་གཙོ་ཚོགས་ཁོངས་ཀྱི་སྲིད་འཛིན་གྱི་འོས་མིར་འགྱུར་རྒྱུའི་མངོན་རྟགས་གསལ་པོ་ཆགས་ཡོད། དེའི་བར་ན་ལྕམ་ཧེ་རི་སིས་སྲིད་འཛིན་སྐུ་གཞོན་གྱི་འོས་མི་སུ་འདེམས་དགོས་པའི་ཐད་ཐུགས་བསམ་བཞེས་བཞིན་ཡོད།

ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG