ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨ་རི་དང་རྒྱ་ནག་གི་མཐོ་རིམ་མི་སྣ་པེ་ཅིན་ནང་མཇལ་མོལ་གནང་བ།


ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱེག་སུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིད་
ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱེག་སུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིད་

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱེག་སུ་ལི་ཝེན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིད་རེས་གཟའ་མིག་དམར་ཉིན་མོ་པེ་ཅིང་དུ་ཐུག་འཕྲད་བྱས་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཐད་འགག་རྩའི་རྩོད་གཞི་རྣམས་སེལ་ཐབས་སུ་གྲོས་མོལ་འགོ་བཙུགས་བྱས་འདུག དེ་ནི་སྲིད་འཛིན་ཇཱོ་བྷའི་ཌན་གྱི་ལས་དུས་མ་གཙང་གོང་རྒྱ་ནག་ཏུ་གྲོས་མོལ་ཆེད་དུ་ཕེབས་མཁན་ཨ་རིའི་མཐོ་རིམ་དབུ་ཁྲིད་མཐའ་མ་དེ་ཆགས་སྲིད་པ་དང་། ༢༠༡༦ལོ་ནས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཞིག་རྒྱ་ནག་ཏུ་ཕེབས་པ་ཡང་དང་པོ་རེད།

ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇེག་སུ་ལི་ཝེན་ཕྱི་ཟླ་བརྒྱད་པའི་ཚེས་ ༢༧ ཉིན་པེ་ཅིང་དུ་ཕེབས་འབྱོར་གནང་མ་ཐག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱེད་དང་དངོས་གཞིའི་གྲོས་མོལ་གོང་གི་ཐུག་འཕྲད་གནང་སྐབས་ཐེངས་འདིའི་རྒྱ་ནག་ཏུ་ཕེབས་དོན་གཙོ་བོ་ནི་ཡུལ་གྲུ་གཉིས་དབར་མཐུན་པའི་གནད་དོན་དང་མི་མཐུན་པའི་འགལ་ཟླ་སོགས་ཚང་མའི་ཐོག་ལ་གྲོས་མོལ་ཆེད་ཕེབས་པ་ཡིན་གསུངས་འདུག་པ་དང་། དེ་ཡང་ཁོང་གིས་གསུངས་དོན་ལ་ “སྲིད་འཛིན་བྷའི་ཌན་དང་སྲིད་འཛིན་ཞི་ཅིན་ཕིང་དབར་གྱི་མཇལ་མོལ་སྐབས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་ཁས་ལེན་བྱུང་ཡོད་པ་ལྟར་དེ་རིང་ཕྱི་དྲོ་དང་སང་ཉིན་བཅས་ཀྱི་དུས་ཡུན་དེའི་་ནང་ང་ཚོས་གནད་དོན་མང་པོ་ཞིག་ལ་གྲོས་མོལ་གཏིང་ཟབ་བྱེད་ཐུབ་པའི་རེ་བ་ཡོད། ང་ཚོའི་དབར་མཐུན་པའི་གནད་དོན་དང་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐབས་སུ་གྲོས་མོལ་བྱེད་རྩིས་ཡོད་”ཅེས་གསལ་བརྗོད་གནང་འདུག

དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིད་ཀྱིས་ “རྒྱ་ནག་དང་ཨ་རིའི་འབྲེལ་ལམ་གང་འདྲ་ཡོང་མིན་དེས་འཛམ་གླིང་ལ་ཤུགས་རྐྱེན་བྱེད་ཀྱི་ཡོད། འདས་པའི་ལོ་ཤས་རིང་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་ཀྱག་ཀྱོག་མང་པོ་བྱུང་ཡོད། ད་རེས་ང་ཚོའི་དབར་དགེ་མཚན་ལྡན་པའི་གྲོས་མོལ་དང་སཱན་ཕཱན་སི་སི་ཁོའི་ནང་གི་གྲོས་མཐུན་ལྟར་འབྲེལ་ལམ་ཁག་བཟང་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་ཡོད་”ཅེས་བཤད་འདུག

ཨ་རི་དང་རྒྱ་ནག་དབར་དཀྱིལ་ཤར་མངའ་ཁུལ་དང་ཡུ་ཀེ་རན་གྱི་དམག་

འཁྲུག ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་གཞི། ཐེ་ཝན་གྱི་གནད་དོན། ཚོང་འབྲེལ་དང་སྒོ་ཁྲལ་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་མོལ་བྱེད་རྒྱུར་གྲུབ་འབྲས་ཐོན་ཁག་པོ་ཡིན་ནའང་། དུས་སང་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་བྷའི་ཌན་གྱི་གཞུང་འཛིན་ལས་དུས་དུས་རྫོགས་ཀྱི་ཡོད་པ་དེའི་གོང་དུ་ཞི་ཅིན་ཕིང་དང་མཇལ་འཕྲད་མཐའ་མ་ཞིག་ཡོང་ཐབས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

དེའི་བར་ན་མཚན་སྨོས་གནང་འདོད་མེད་པའི་ཨ་རིའི་གཞུང་འཛིན་མི་སྣ་ཞིག་གིས་གྲོས་མོལ་སྐབས་སུ་ཨ་རིའི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་གཞི་དང་རྒྱ་ནག་ནས་ཐའེ་ཝན་ཐོག་དམག་དང་དཔལ་འབྱོར། ཕྱི་འབྲེལ་སོགས་གང་ཐད་ནས་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་དགོས་རྒྱུའི་སྐོར་གླེང་རྩིས་ཡོད་གསུངས་པ་དང་། དེ་ནི་ཉེ་དུས་ཨ་རིའི་མནའ་མཐུན་པ་ཉི་ཧོང་དང་ཕཱི་ལོ་པིང་སོགས་རྒྱལ་ཁབ་ནས་རྒྱ་ནག་གིས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གཞན་གྱི་བདག་དབང་ལ་རྩིས་མེད་ཀྱི་བྱ་སྤྱོད་ཤུགས་ཆེ་སྤེལ་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་བཞིན་རེས་རེ་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམག་གི་ཉུལ་ཞིབ་གནམ་གྲུས་ཉི་ཧོང་གི་ས་ཁོངས་མཚོ་གླིང་གི་བར་སྣང་ལ་འཕུར་སྐྱོད་བྱས་ཡོད་པས་ཉི་ཧོང་གིས་དེ་ནི་བཙན་འཛུལ་གྱི་བྱ་སྤྱོད་གཅིག་རེད་ཅེས་སྐྱོན་

བརྗོད་ཤུགས་ཆེ་ཞུ་བཞིན་ཡོད་པ་རེད།

ཨེ་ཨེཕ་པི་དང་ཨེ་པི་གསར་ཁང་གཉིས་ནས་བཏུས།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG