ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

རྒྱ་གར་ལྷོ་ཕྱོགས་སུ་པཎ་ཆེན་རིན་པོ་ཆེ་དང་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཁྲོམ་སྐོར་དང་ཟས་བཅས་ངོ་རྒོལ།


ཀར་ན་ཀྲ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་གི་རྔམ་སྟོན་ཁྲོམ་སྐོར།
ཀར་ན་ཀྲ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་གི་རྔམ་སྟོན་ཁྲོམ་སྐོར།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་གི་ཐོག་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཏེ་ཕྱི་ཟླ་༥ ཚེས་༡༧ བར་ལོ་ངོ་༢༨ སོང་ཡོད་པ་དང་བསྟུན་དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་ཀོ་ལི་གྷལ་བཅས་ས་གནས་གསུམ་གྱི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པའི་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཐུན་མོང་ནས་གོ་སྒྲིག་དང་སྣེ་ཁྲིད་འོག ཀར་ན་ཀྲ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་མེ་སོར་རྒྱལ་ཁང་མདུན་ཐང་ནས་རྫོང་ལས་ཁུངས་མདུན་ཐང་བར་དུ་མི་གྲངས་བཞི་བརྒྱ་ཙམ་གྱིས་ལག་ཏུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་དང་ཁོང་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་སོགས་ཀྱི་ཡིག་བྱང་སྣ་ཚོགས་བསྣམས་པ་དང་འབོད་སྒྲ་སྒྲོག་བཞིན་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་ཡོད་པ་རེད།

ད་དུང་ཡང་ས་གནས་རྒྱ་གར་ཡུལ་མི་ཚོར་ལས་འགུལ་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་དང་རྒྱ་གར་གསར་འགྱུར་བརྒྱུད་ལམ་ལ་ལས་འགུལ་ངོ་སྤྲོད་མེ་སོར་རྫོང་དཔོན་བརྒྱུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་སྙན་བཅས་ཕུལ་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཐུན་མོང་ནས་གོ་སྒྲིག་དང་སྣེ་ཁྲིད་འོག མི་གྲངས་བརྒྱ་སྐོར་ཞིག་ནས་མོན་གྷོ་གཞིས་གྲོང་གསུམ་པའི་རྒྱ་གར་དངུལ་ཁང་ཡོད་སའི་གཞུང་ལམ་མདུན་དུ་ཉིན་གཅིག་རིང་གི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་སྤེལ་བཞིན་ཡོད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་སྲིད་དོན་བཙོན་པ་གློད་གྲོལ་གཏོང་དགོས་པའི་ལས་འགུལ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་སྲིད་དོན་བཙོན་པ་གློད་གྲོལ་གཏོང་དགོས་པའི་ལས་འགུལ།

ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༤ ཉིན་བོད་ཀྱི་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་གནང་མཛད་ཡོད་པ་དང་། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། སྐུ་ཞབས་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ནས་ད་ཉིན་བར་མི་ལོ་ཧྲིལ་པོ་༢༨ ཕྱིན་ཡོད་པ་རེད།

XS
SM
MD
LG