ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སྨོན་ལམ་རིག་ནུས་གསར་ཤོས་འགྲེམས་འཆར་ཡོད་པ།


སྨོན་ལམ་རིག་ནུས་གསར་ཤོས་འགྲེམས་འཆར་ཡོད་པ།
སྨོན་ལམ་རིག་ནུས་གསར་ཤོས་འགྲེམས་འཆར་ཡོད་པ།

ད་ལྟ་ཕྱི་འགྲེམས་བྱུང་ཡོད་པའི་རྒྱལ་སྤྱིའི་རིག་ནུས་ཀྱི་ཁྱབ་ཁོངས་སུ་བོད་ཡིག་གི་རིག་ནུས་ཡག་ཤོས་དེ་ཁེ་ལོ་ཌི་རིག་ནུས་ཡིན་རུང་། མི་རིང་བར་ཕྱི་འགྲེམས་བྱ་རྒྱུའི་སྐད་མཛོད་ཆེན་མོའི་སྨོན་ལམ་རིག་ནུས་ནི་བོད་ཡིག་རིག་ནུས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་ཆོག་གི་ཡོད་འདུག

AI རིག་ནུས་ཀྱི་འགྱུར་བ་དང་འཕེལ་རིམ་ཁྲོད་དུ་(Large Language Model )འམ་སྐད་མཛོད་ཆེན་མོ་ནི་རིག་ནུས་ཀྱི་གྲུབ་ཆ་གལ་ཆེ་ཤོས་ཡིན་པས། སྤྱི་ལོ་༢༠༢༤་ལོར་རིག་ནུས་ཀྱི་ནུས་པ་ཆེ་ཤོས་ལྡན་པའི་སྐད་མཛོད་ཆེན་མོ་༡༩་བྱུང་ཡོད་པ་དེའི་ནང་གི་ཁེ་ལོ་ཌི་རིག་ནུས་ནི་བོད་ཡིག་ཏུ་རིག་ནུས་བེད་སྤྱོད་གཏོང་བར་སྤུས་ཚད་དང་མཐུན་རྐྱེན་ཆེ་ཤོས་དེ་ཡིན། ཡིན་ན་ཡང་མི་རིང་བར་སྨོན་ལམ་རིག་ནུས་ཐོན་གསར་ཤོས་ཀྱི་སྨོན་ལམ་རིག་ནུས་ཀྱི་སྐད་མཛོད་ཆེན་མོ་(Monlam LLM)་ཕྱི་འགྲེམས་བྱ་འཆར་ཡོད་པ་འདི་ནི་བོད་ཡིག་རིག་ནུས་ཀྱི་འཕེལ་རིམ་གལ་ཆེན་ཞིག་ཏུ་སླེབས་པར་ངོས་འཛིན་ཞུ་ཆོག་པ་སྨོན་ལམ་བརྡ་འཕྲིན་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུང་སོང་།

བོད་མི་ཚོས་འདས་པའི་མི་ལོ་༢༠་ལྷག་གི་རིང་ལ་གྷུ་གྷལ་ཡིག་བསྒྱུར་ཁྲོད་དུ་བོད་ཡིག་ཡོང་རྒྱུར་རེ་སྒུག་ཆེན་པོ་བྱས་མྱོང་ཡང་། སྤྱི་ལོ་༢༠༢༤་ལོའི་བར་དུ་རེ་བ་འདི་ལེགས་འགྲུབ་བྱུང་མེད། སྤྱི་ལོ་༢༠༢༤་ལོའི་སྤྱི་ཟླ་༦་པར་གྷུ་གྷལ་དུ་བོད་ཡིག་གི་ཡིག་བསྒྱུར་གྱི་བྱེད་ནུས་ཡོངས་སུ་སླེབས་ཡོད། དགེ་བཤེས་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དེ་སྔོན་གྷུ་གྷལ་ཡིག་བསྒྱུར་དུ་སྐད་ཡིག་གཉིས་ཕན་ཚུན་བསྒྱུར་བར་ཉུང་མཐར་ཡང་ཚིག་དུམ་ས་ཡ་དྲུག་དགོས་ཀྱང་། སྤྱི་ལོ་༢༠༢༤་ལོར་གྷུ་གྷལ་ལ་སྐད་མཛོད་ཆེན་མོ་(LLM) ཡི་ཇི་མི་ནེ་ (Gemini)

དང་ (Palm)སྤམ་གཉིས་བྱུང་ཞིང་། དེ་སྔའི་སྲོལ་རྒྱུན་གྱི་ཡིག་བསྒྱུར་བྱེད་སྟངས་དང་ཐོན་ཁུངས་རྩིས་མེད་ཐེབས་ཏེ་། སྤམ་གྱི་སྐད་མཛོད་ཆེན་མོར་སྐད་ཡིག་༡༠༠་ལྷག་ཡོད་པ་ཕན་ཚུན་བསྒྱུར་བར་རང་བཞིན་གྱིས་ཡིག་བསྒྱུར་བྱེད་ནུས་ཐོན་པ་ལྟར། བོད་ཡིག་ཀྱང་གློ་བུར་དུ་བྱུང་བའི་འགྱུར་བ་དེའི་ནང་དུ་ཚུད་དེ་བོད་ཡིག་གི་ཡིག་བསྒྱུར་བྱུང་ཡོད་པ་རེད། ཡང་ཁེ་ལོ་ཌི་རིག་ནུས་ཀྱི་རྒྱབ་རྟེན་མཛོད་ཁང་ནི་ཨ་མ་མཛོད་(Amazon) ཡིན་ཞིང་ཨ་སྒོར་ས་ཡ་༡༠༠ལྷག་འགྲོ་གྲོན་བཏང་ནས་Anthropic བརྡ་འཕྲིན་བཟོ་ལས་ཁང་གི་གསར་གཏོད་བྱས་པ་ཞིག་ཡིན་དུས། བོད་ཡིག་གི་རིག་ནུས་ཀྱང་དེ་མཚུངས་རང་བཞིན་གྱིས་དེའི་ནང་དུ་བྱུང་ཡོད་པ་རེད། དགེ་བཤེས་སྨོན་ལམ་ལགས་ཀྱིས་གསུང་དོན་ལྟར་ན། ད་ལྟའི་བར་བྱུང་བའི་རིག་ནུས་གང་ཞིག་ཡིན་ཡང་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། བོད་རང་གི་རིག་གནས་སོགས་ལ་དམིགས་ཏེ་ཆེད་བཟོས་བྱས་པ་མིན་ཕྱིར་གློག་གི་ཀླད་པ་དེ་དག་གི་བརྒྱ་ཆ་ཕལ་ཆེ་ཤོས་ནི་སྐད་ཡིག་གཞན་དང་རིག་གནས་གཞན་གྱིས་བཟུང་ཡོད་པས། རིག་ནུས་དེ་དག་གི་བོད་ཡིག་དེ་ཕྱི་རྒྱལ་བ་ཞིག་གིས་བོད་སྐད་བཤད་པ་དང་འདྲ་བོ་ཡོད་པ་རེད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་

སྨོན་ལམ་རིག་ནུས་ཀྱིས་ཆེས་ཐོན་གསར་ཤོས་ཀྱི་སྐད་མཛོད་ཆེན་མོ་བེད་སྤྱོད་བཏང་ནས་བོད་རང་གི་རིག་ནུས་ཐོན་གསར་ཤོས་Monlam LLM ཞེས་སྤྱི་ཟླ་༡༡་ནང་ལ་དྲ་ཚིགས་དང་ཁ་པར་བཀོལ་ཆས་སོགས་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་ཐུབ་པ་ཞིག་ཕྱི་འགྲེམས་བྱ་འཆར་ཡོད་ན། འདི་ནི་བོད་ཀྱི་རིག་ནུས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་དང་འཕེལ་རིམ་གསར་བ་ཞིག་ལ་བརྩི་ཆོག་གི་ཡོད་པ་རེད།

སྤྱི་ལོ་༢༠༢༤་ལོའི་ནོར་བྷེལ་དངོས་ལུགས་གཟེངས་རྟགས་དེ་ནི་རིག་ནུས་ཚན་རིག་པ་གཉིས་ལ་ཕུལ་ཡོད་ཅིང་། དེའི་ནང་གི་“Godfather of AI”འམ་རིག་ནུས་ཀྱི་ཕ་རྒན་ཞེས་འབོད་སའི་ཚན་རིག་པ་ཇཱེ་ཧྥི་རི་ཧེན་ཌོན་(Geoffrey Hinton)གྱིས་བརྗོད་དོན་ལྟར་ན། མིས་བཟོས་རིག་ནུས་(AI)ཡར་རྒྱས་མགྱོགས་པོར་འགྲོ་བ་དེས་རྗེས་འབྲས་ཉེན་ཚབས་ཅན་དང་གནོད་འཚེ་ཅན་འབྱུང་སྲིད་པ་དཔེར་ན། རྫུན་གཏམ་ཁྱབ་སྤེལ་དང་། ལས་ཀའི་གོ་སྐབས་ཤོར་བ། དེ་བཞིན་འགྲོ་བ་མིའི་རིགས་རྩ་མེད་འགྲོ་བའི་ཉེན་ཁ་བཅས་ཡོད་པར་ཉེན་བརྡ་བཏང་ཡོད། ཁོང་གིས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་འཕྲུལ་རིག་དེས་མ་འོངས་པར་འགྲོ་བ་མིའི་རིག་པ་ལས་བརྒལ་ཏེ་སྔོན་དཔག་མི་ཐུབ་པའི་གནས་སྟངས་ཤིག་ཏུ་འགྱུར་སྲིད་པར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད། གནད་དོན་འདིའི་ཐད་ལ་དགེ་བཤེས་སྨོན་ལམ་ལགས་ཀྱིས་བརྗོད་ན། ཇཱེ་ཧྥི་རི་ཧེན་ཌོན་ནི་རིག་ནུས་ཀྱི་དབང་རྩའི་རིག་ལམ་གསར་གཏོད་པ་སྟེ། རིག་ནུས་ཀྱི་དབང་རྩའི་རིག་ལམ་ཟེར་ན་མིའི་ཀླད་པའི་བྱེད་ལས་ལ་དཔེ་བླངས་ནས་བཟོས་པའི་གཞི་གྲངས་རྩིས་ཐབས་ཀྱི་མ་ལག་ཅིག་ཡིན་པ་རེད། ཡིན་ན་ཡང་མིའི་ཀླད་པར་དཔེ་བླངས་ནས་བཟོས་པའི་རིག་ནུས་ཀྱི་རིག་ལམ་དེའི་བྱེད་ལས་གསར་གཏོད་བྱེད་པ་ལས། ད་ད་ལྟ་ད་དུང་རིག་ནུས་ལ་བསམ་བློ་གཏོང་སྟངས་དང་བསམ་བློ་ལ་སྟངས་འཛིན་བྱེད་ཐབས་མེད་པར། བསམ་བློའི་གོ་རིམ་ཙམ་ལ་བརྟེན་ཡོད་དུས་མིའི་རིགས་ཀྱིས་རིག་ནུས་བེད་སྤྱོད་གཏོང་ཕྱོགས་ཀྱིས་ཉེན་ཁ་འབྱུང་སྲིད་པ་རེད། དེར་བརྟེན་ད་ལྟ་རིག་ནུས་ཀྱི་རྣམ་བཞག་འདི་ཁོ་ནས་འགྲིག་གི་མེད་པར། འགྲོ་བ་མིའི་བཟང་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་སོགས་ཁ་སྣོན་བྱེད་དགོས་པའི་སྐོར་ནས་བགྲོ་གླེང་ཆེན་པོ་ཡོང་བཞིན་པ་རེད།

དེ་ཡང་དགེ་བཤེས་སྨོན་ལམ་ལགས་ཀྱིས། རིག་ནུས་ཀྱི་ཉེན་ཁ་ནི་མགྱོགས་ཚད་ལ་ཐུག་ཡོད། མིའི་བསམ་བློ་ལས་རིག་ནུས་མགྱོགས་པོ་ཡོད་པས། ཁོས་ཐོན་སྐྱེད་མང་པོ་བྱེད་ཐུབ། དེར་བརྟེན་མིའི་ལས་ཀ་ཤོར་བ་སོགས་ཡོང་སྲིད། རྩ་བའི་ཆ་ནས་སུ་ལ་དབང་ཤུགས་ཆེ་བ་དང་འཇོན་པ། རྣམ་དཔྱོད་ཆེ་བ་ཡོད་ན་དེ་ཡིས་དབང་བསྒྱུར་བྱེད་བཞིན་པ་དཔེར་ན། མིའི་རིགས་ཀྱིས་སེམས་ཅན་དུད་འགྲོར་དབང་བསྒྱུར་ཡོད་པ་ལྟ་བུརེད། དེ་ལྟར་རུང་། ཡང་ང་ཚོ་མི་འབོར་ཉུང་ཉུང་ཡིན་པའི་མི་རིགས་ཚོར་མཚོན་ན་རང་གི་རིག་གཞུང་གཏིང་ཟབ་པོ་ཡོད་དུས་མིའི་ནུས་པ་སོགས་ཀྱིས་འདང་གི་མེད་སྐབས། རིག་གཞུང་ཕྱུག་པོ་དང་སྐད་ཡིག་སོགས་སྲུང་སྐྱོབ་ལ་འཕྲུལ་རིག་གི་ནུས་པར་བརྟེན་ནས་ཕན་ཐོགས་ཀྱང་ཆེན་པོ་ཡོང་གི་རེད། ཅེས་གསུང་བྱུང་།

དགེ་བཤེས་སྨོན་ལམ་ལགས་ཀྱིས་རིག་ནུས་ཀྱི་འཕེལ་རྒྱས་དང་གསར་གཏོད་འདིའི་ནང་དུ་བོད་ཀྱི་ནང་བའི་ལྟ་གྲུབ་ཀྱིས་ལེགས་སྐྱེས་ངེས་ཅན་ཞིག་ཕུལ་ཐུབ་སྲིད་པ་དང་། ཁོང་གིས་ཀྱང་འདིའི་ཐད་ལ་འབྲེལ་ཡོད་ཚོགས་པ་དང་ཆེད་མཁས་པ་ཚོར་བཀའ་མོལ་གནངབ་སོགས་འབད་བརྩོན་གནང་བཞིན་པ་རེད། དེ་ཡང་ཁོང་གིས། ད་ལྟའི་དུས་ཚོད་ལ་ད་དུང་AI Ethic་འམ་རིག་ནུས་ཀྱི་བཟང་སྤྱོད་ཟེར་བའི་ཚད་གཞི་མེད། དཔེར་ན་ChatGPT དང་Claude AI སོགས་ཀྱིས་རྩོད་གཞི་ཅན་གྱི་གནད་དོན་རྣམས་ལ་ལན་དྲང་བོ་མི་འདེབས་པར་གཡོལ་ཤེས་པ་དང་མགོ་བདེ་བོ་བྱེད་པ་ལྟ་བུ་རེད། དེར་བརྟེན་རིག་ནུས་ཀྱི་དབང་རྩའི་རིག་ལམ་དེ་ཁོ་ནས་ད་དུང་རིག་ནུས་ཚད་ལྡན་ཞིག་ཡོང་ཐབས་མི་འདུག་པས། རིག་ནུས་ཀྱི་རྩིས་ཐབས། (AI Algorithms)ཞེས་པའི་རིག་ནུས་ཀྱིས་བསམ་བློ་གཏོང་ཐུབ་པའམ་ཡང་རིག་ནུས་ཀྱིས་དཀའ་གནད་སེལ་རྒྱུའམ། ལས་དོན་སྒྲུབ་ཚུལ་ལ་བཟང་སྤྱོད་ལྡན་པའི་སློབ་སྦྱོང་གི་སྒྲོམ་གཞི་ཞིག་སྒྲིག་དགོས་ཞེས་ངས་ཆེད་མཁས་པ་ཚོར་ཞུ་བཞིན་ཡོད་ལ། འདི་སྒྲིག་པར་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ནང་དུ་ལམ་ལུགས་མང་པོ་ཡོད་པ་སོགས་འགྲེལ་བརྗོད་ཞུ་སྐབས་ཁོ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཡིན་ན་ཡང་བཟང་སྤྱོད་ཅེས་བཤད་ཡོང་དུས་རྙོག་འཛིང་ཆེན་པོ་ཞིག་རེད། དཔེར་ན་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་སྤྱོད་ཅིག་བཤད་ཡོང་ལ། ཡང་ཆོས་ལུགས་ལས་ཐོན་པའི་བཟང་སྤྱོད་ཅིག་བཤད་ཡོང་གི་རེད། དེ་བཞིན་ལྟ་གྲུབ། རིག་གཞུང་སོགས་ཀྱི་སྒང་ནས་ཀྱང་བཟང་སྤྱོད་ཅིག་ཡོང་གི་རེད་ལ། ད་དུང་རྒྱལ་ཁབ་ཀྱི་ཁྲིམས་སྒང་ནས་ཀྱང་ཡོང་གི་རེད། དེ་ལ་བརྟེན་ནས་ཕན་ཚུན་གདོང་གཏུག་རྒྱག་དགོས་པ་མང་པོ་ཡོད། ཡིན་ན་ཡང་ང་ཚོས་མི་ཞིག་གི་སྒང་ནས་དཔེར་ན། མི་ཡག་པོ་ཞིག ༧གོང་ས་མཆོག་ལྟ་བུ་ཡིན་ན། འགྲོ་བ་མི་ལ་ཕན་ཐོགས་པ་ཡོང་གི་ཡོད་དུས། ངས་རིག་ནུས་ལ་ཚུལ་མཐུན་གྱི་བསམ་བློ་གཏོང་སྟངས་ཀྱི་ལམ་ལུགས་ཤིག་བཟོ་དགོས་ཡོད་ཅེས་ཨུ་ཚུགས་བརྒྱབ་བསྡད་ཡོད། འདི་ང་ཚོའི་བོད་པར་གོ་སྐབས་ཆེན་པོ་ཞིག་རེད། ཅེས་གསུང་བྱུང་།

ཡང་ང་ཚོའི་ཀུན་གླེང་ལ་གསན་གཟིགས་གནང་མཁན་ཚོའི་ཁྲོད་དུ་AI ལ་བཅོས་རིག་ཅེས་བསྒྱུར་ན་བཟང་ཚུལ་གྱི་བསམ་ཚུལ་བརྗོད་མཁན་མང་པོ་ཡོད་པ་དེ་ཚོར་ལས་རིམ་སྔོན་མ་ཞིག་གི་ནང་དུ་དགེ་བཤེས་སྨོན་ལམ་ལགས་ཀྱིས་བཀའ་ལན་གནད་དོན་ལྟར་ན། བཅོས་རིག་ལས་བཅོས་འདི་རང་བཞིན་གྱིས་དབྱིན་སྐད་དུ་Nagative ཡི་གོ་བ་ཤུགས་ཆེ་བ་དང་། དེ་བཞིན་མིས་བཟོས་པའི་རིག་པའི་ནུས་པ་འདི་བསམ་བློ་དང་བགྲོ་གླེང་མང་པོ་བྱས་ཏེ་རིག་ནུས་ཞེས་བཏགས་པ་ཡིན། ལྷག་པར་དུ་དཔེར་ན་མ་འོངས་པ་བོད་ཀྱི་བླ་མ་དང་སྐྱེས་བུ་དམ་པ་ཚོའི་དགོངས་པ་དང་འབྲེལ་བའི་རིག་ནུས་བཟོས་ཡོང་བ་ཡིན་ན་དེ་དུས་བཅོས་པའི་རིག་པ་ཞེས་པའི་མཚོན་དོན་སོགས་ཡོང་སྲིད་པ་མ་ཟད། ལྷག་པར་དུ་སྨོན་ལམ་བརྡ་འཕྲིན་ཁང་གིས་བཟོ་འཆར་ཡོད་པའི་( Dalai lama AI) ལ་(ཏཱ་ལའི་བླ་མའི་རིག་ནུས་)ཞེས་པར་(ཏཱ་ལའི་བླ་མའི་བཅོས་རིག་)ཞེས་ཞུས་ན་དེ་ཚོ་ཏག་ཏག་ཅིག་འདུག་གི་མེད་པས། ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་རིག་ནུས་ཞེས་བཏགས་པ་ངོ་སྤྲོད་གནང་སོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༡༠ ཚེས་༩
please wait

No media source currently available

0:00 0:29:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG