༄༅།། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༧་ཉིན་བོད་ཀྱི་དིང་རི་དང་ལྷ་རྩེ། ས་སྐྱ་དང་ངམ་རིང་། གཏིང་སྐྱེས་བཅས་ལ་ས་ཡོམ་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག ཨ་རིའི་ས་དཔྱད་ཞིབ་འཇུག་ཁང་སོགས་ཀྱིས་བོད་ལ་ས་ཡོམ་འགུལ་ཚད་༧་༡་བརྒྱབ་འདུག་ཅེས་གསར་འགྱུར་སྤེལ་ཡང་རྒྱ་ནག་གཞུང་གིས་གཞིས་ཀ་རྩེ་ས་ཁུལ་གྱི་དིང་རི་རྫོང་སོགས་ལ་ས་ཡོམ་འགུལ་ཚད་༦.༨་བརྒྱབ་འདུག་ཅེས་བསྒྲགས། རྒྱ་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བོད་ལ་གཏོང་གི་མེད་པས་རོ་ཡེ་ཊར་སི་(Reuters)་གསར་ཁང་སོགས་ནས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གསར་འགྱུར་ཁག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ཐེངས་ཀྱི་ས་འགུལ་སྐབས་སུ་མི་༡༢༦་ལ་སྲོག་སྐྱོན་དང་མི་༡༨༨་ལ་རྨས་སྐྱོན། མི་༤༠༠་ལྷག་ས་འོག་ཏུ་མནན་ཡོད་པ་རྣམས་བསྐྱབས། གཞིས་ཀ་རྩེ་ས་ཁུལ་གྱི་ཁང་པ་༣༠༠༠་ལྷག་ལ་གཏོར་སྐྱོན་བྱུང་། ས་འགུལ་རྒྱུག་ཡུལ་གྱི་རྒྱ་ཁྱོན་ནི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཌི་ཡ་(Cambodia)་འདྲ་པོ་ཞིག་འདུག་ཅེས་གསར་འགྱུར་སྤེལ།།
ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བཞུགས་རྡ་རམ་ས་ལའི་ཡན་ལག་ལས་ཁུངས་ལ་བོད་ནས་མིང་འདོན་བྱེད་འདོད་མེད་པའི་བོད་པ་ཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སྔོན་ཕྱི་ཚེས་༧་ཉིན་གྱི་ས་ཡོམ་སྐབས་སུ་ཉུང་མཐར་ཡང་བྱིས་པ་ལོ་ཆུང་ཞིག་ཚུད་པའི་ལོ་༧༠་ལྷག་སོན་པའི་རྒན་རྒོན་བཅས་ད་ལྟའི་བར་དུ་མི་༡༤༠་ལ་སྲོག་སྐྱོན་བྱུང་ཡོད་པ་རྩད་གཅོད་ཐུབ་ཡོད་ཅིང་། ད་དུང་དགོན་ཁག་༡༣་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་ཡོད་པ་ཤེས་རྟོགས་བྱུང་འདུག བོད་ཕྱི་ལོགས་སུ་ཡོད་པའི་བོད་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྙན་ཐུང་ཞིག་བཏང་བ་དེའི་ནང་དུ་ཟེ་དཀར་དགོན་གྱི་འདུ་ཁང་སོགས་ལ་ས་ཡོམ་གྱི་གཏོར་སྐྱོན་ཕོག་སྟེ་དགེ་འདུན་པ་རྣམས་གུར་གྱི་ནང་དུ་ཚོགས་འཚོགས་དགོས་པར་གྱུར། གསར་འགྱུར་མཁོ་སྤྲོད་པས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐོན་པའི་བརྙན་ཐུང་ཁག་ལ་བལྟས་ན་ཟེ་དཀར་དགོན་པའི་མཆོད་རྟེན་མ་གཏོགས་ཅི་ཡང་ལུས་མི་འདུག དགོན་པ་ཧྲིལ་པོ་གྱང་རོ་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།།
བྱེས་ཀྱི་ཀ་སྦུག་ཟེ་དཀར་ཆོས་སྡེའི་དབུ་བླ་ཤྲཱི་ཆུ་བཟང་རིན་པོ་ཆེས་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་གསུངས་པ་ལྟར་ན། རྒྱ་ནག་གཞུང་གིས་ཟེ་དཀར་དགོན་པོའི་སྐུ་འདྲ་ཆུང་བ་རྣམས་སྒམ་ནང་དུ་བཅུག་སྟེ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་འཁྱེར་འགྲོ་ཡི་ཡོད་པའི་སྐད་ཆ་ཞིག་གོ་སོང་། ཟེ་དཀར་དགོན་པའི་གྲྭ་བཙུན་དང་ས་གནས་མང་ཚོགས་ལ་དགོན་པའི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྙིང་པ་དེ་རྣམས་རྩ་བརླག་ཏུ་འགྲོ་སྲིད་པ་དང་དགོན་པ་བསྐྱར་གསོ་མ་ཐུབ་པའི་བར་དུ་སྐུ་འདྲ་གསར་རྙེང་བརྗེ་སྲིད་པའི་བློ་འཚབ་ཡོང་གི་ཡོད་པར་མ་ཟད། དགོན་པ་མྱུར་དུ་ཞིག་གསོ་མ་ཐུབ་ན་གྲྭ་བཙུན་གྱི་བསླབ་པ་སློབ་གཉེར་ལ་འཐུས་ཤོར་དང་ཆོ་ག་ཕྱག་ལེན་རྣམས་ཉམས་ཆག་འགྲོ་སྲིད་པའི་བློ་འཚབ་ཡོང་གི་འདུག ལྷག་པར་དུ་ས་ཡོམ་གྱི་གཏོར་སྐྱོན་ཕོག་པའི་དགོན་པ་དང་ལྷ་ཁང་རྣམས་སྔོན་མའི་ཤུལ་དེར་བསྐྱར་བཞེང་བྱེད་དུ་མ་བཅུག་ཚེ། བོད་མི་རིགས་ཀྱི་བསམ་བློའི་ནང་དུ་དངོས་པོའི་རིན་ཐང་མ་ཡིན་པར་རབ་གནས་དང་བྱིན་རླབས་ཞེས་རྩ་ཆེན་དུ་རྩི་བའི་དད་སེམས་ཀྱི་འདུ་ཤེས་ཤིག་ཡོད་པ་དེའི་མུ་རྒྱུན་ཆད་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་བསྟན།།
ཧྲཱི་ཆུ་བཟང་རིན་པོ་ཆེས་མུ་མཐུད་དུ་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ལ་གསུངས་པ་ལྟར་ན། བོད་ལ་ས་ཡོམ་བྱུང་ནས་གཏོར་སྐྱོན་ཕོག་པའི་དགོན་སྡེ་ཁག་ནི་སྒེར་གྱི་ཁང་པ་ལྟར་བདེ་བླག་ཏུ་ཞིག་གསོ་ཐུབ་པ་ཞིག་མིན་པར་དུས་ཡུན་གང་འཚམ་ཞིག་འགོར་ཤས་ཆེ། ང་ཚོས་རྒྱ་གཞུང་ལ་ས་གནས་སྲིད་གཞུང་དེ་ཚོས་རྩ་ཆེའི་སྐུ་སྲུང་ཐུགས་རྟེན་རྙིང་པ་རྣམས་གཅེས་ཉར་བྱས་ནས་ཕྱིས་སུ་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་ལ་ཕྱིར་སློག་བྱ་རྒྱུའི་རེ་བ་ཞུ་ཡི་ཡོད། དགོན་པ་གྲྭ་ཚང་དང་མི་མང་དཀྱུས་པ་ཚོར་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་སྐུ་གསུང་ཐུགས་རྟེན་དེ་ཚོར་སྲུང་སྐྱོབ་བྱེད་ཆོག་པའི་དབང་ཚད་མེད། སྐུ་གསུང་ཐུགས་རྟེན་ཆུང་ཁག་རྣམས་སྒོམ་གྱི་ནང་དུ་བཅུག་ནས་སྒོ་ཐེལ་བརྒྱབ་ཀྱང་དེ་དག་བོར་བརླག་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེན་པོ་རེད། བཙན་བྱོལ་སྤྱི་ཚོགས་སུ་དགོན་པ་དང་སྐུ་གསུང་ཐུགས་རྟེན་བཞེངས་ཡོད་ཀྱང་དེ་དག་ཐམས་ཅད་གསར་པ་རེད། བོད་ནང་གི་སྐུ་གསུང་ཐུགས་རྟེན་རྙིང་པ་རྣམས་བོར་བརླག་ཤོར་ན་ཧ་ཅང་ཕངས་པོ་རེད། ང་ཚོ་དེ་ལ་བློ་འཚབ་ཆེན་པོ་ཡོང་གི་འདུག་ཅེས་བཀྲལ།།
བོད་ནང་ལ་འབྲེལ་བ་ཡོད་པ་དང་མིང་འདོན་བྱེད་འདོད་མེད་པའི་བོད་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལྷ་རྩེ་རྫོང་དུ་ས་ཡོམ་གྱི་གོད་ཆག་བྱུང་ས་གཙོ་བོ་ནི་མང་མཁར་ཁུལ་ཡིན་ཞིང་། ད་སྔ་བྱིས་པ་ལོ་ཆུང་ཞིག་དང་མི་གཞན་པ་གཉིས་བཅས་ཁྱོན་བསྡོམས་མི་༣་ལ་སྲོག་སྐྱོན་བྱུང་བ་ཤེས་རྟོགས་བྱུང་། ཡིན་ནའང་ས་ཡོམ་སྐབས་སུ་རྐང་པ་ཆག་པ་དང་ལག་པ་ཆག་ནས་རྨས་སྐྱོན་ཕོག་ཡོད་པ་མང་དུ་སྣང་། ལྷ་རྩེ་རྫོང་དུ་ས་ཡོམ་གྱི་གོད་ཆག་བྱུང་བའི་ཉིན་དང་པོར་རོགས་སྐྱོར་ཅི་ཡང་འབྱོར་མེད་པ་དང་ཉིན་གཉིས་པ་ནས་གུར་སོགས་རོགས་སྐྱོར་རྣམས་བསླེབས། ཐེངས་འདིའི་ས་ཡོམ་སྐབས་སུ་ལྷ་རྩེ་རྫོང་དུ་དགོན་ཁག་འགའ་ཞིག་ལ་གནོད་འཚེ་ཐེབས་ཡོད་པ་སྟེ། དགོན་པ་དེ་དག་ནི་ལོ་༨༠༠་ལྷག་གི་ལོ་རྒྱུས་ལྡན་པའི་མང་མཁར་ཐུབ་བསྟན་དགེ་འཕེལ་དང་ལོ་༥༠༠་ཡས་མས་ཤིག་གི་ལོ་རྒྱུས་ལྡན་པའི་དར་རྒྱས་གླིང་དགོན་པ། གཞན་ཡང་བཙུན་དགོན་ཞིག་ཡོད་པ་བཅས་ལ་གཏོར་བཤིག་ཐེབས་པ་དང་ས་ཡོམ་རྗེས་སུ་གྲྭ་བཙུན་ལ་ཟས་གོས་གནས་མལ་གྱི་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐུབ་ཡོད་མེད་ཤེས་རྟོགས་མ་ཐུབ།།
མང་འཁོར་ཐུབ་བསྟན་དགེ་འཕེལ་དགོན་པ་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་མ་ཡུམ་འཁྲུངས་སའི་ས་གནས་སུ་ཆགས། རྗེ་བཙུན་གྲགས་པ་རྒྱལ་མཚན་(༡༡༤༧་ནས་༡༢༡༦)་གྱིས་ཕྱག་བཏབ། ཆོས་རྒྱུད་ས་སྐྱ་དང་དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༠་བཞུགས། དར་རྒྱས་གླིང་དགོན་པ་ནི་ཆོས་རྒྱུད་དགེ་ལུགས་དང་ཕྱག་བཏབ་ནས་ལོ་ལྔ་བརྒྱ་ཡས་མས་ཤིག་སོང་། ལྷ་རྩེ་ཆོས་སྡེ་དགའ་ལྡན་འོག་མིན་གླིང་དགོན་པ་ནི་༧གོང་ས་ལྔ་པ་ཆེན་པོས་བཞེངས། དགའ་ལྡན་ཁྲི་ཐོག་༡༠༤་པའི་གཞིས་དགོན་ཡིན་ཞིང་། ཆོས་རྒྱུད་དགེ་ལུགས་དང་དགེ་འདུན་པ་ཞལ་གྲངས་༦༠་ལྷག་བཞུགས། ད་དུང་ཕྱིས་སུ་བཞེངས་པའི་བཙུན་དགོན་ཞིག་བཅས་ལ་གཏོར་སྐྱོན་ཕོག གོང་གི་དགོན་ཁག་དེ་དག་གི་རྩ་ཆེའི་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས། རིན་ཐང་བྲལ་བའི་སྔ་མོའི་ལྡེབས་རིས་རྙིང་པ་སོགས་ལ་གཏོར་སྐྱོན་ཅི་བྱུང་དང་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བཙུན་རྣམས་སྐུ་གསུང་ཐུགས་རྟེན་དེ་ཚོར་བདག་གཅེས་ཀྱི་ལས་དོན་ལ་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད་མེད་ཆ་མ་འཚལ།།
ངམ་རིང་རྫོང་དུ་རིན་ཆེན་ལྡིང་དགོན་པ་དང་སྤུ་དཀར་གྲོང་ཚོའི་སྐྱེམ་མཚོ་དང་རྒྱང་ཐག་ཉེ་བའི་སར་ཆགས་པའི་ས་སྐྱའི་ཆོས་རྒྱུད་འཛིན་པའི་ཆོས་སྡེ་འདར་ཟངས་ལྡན་ཐུབ་བསྟན་བྱམས་པ་གླིང་དགོན་པར་གནོད་འཚེ་ཆེན་པོ་ཕོག དགོན་པ་དེ་ནི་རབ་བྱུང་གཉིས་པའི་ནང་དུ་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ། དེ་བཞིན་མཚོ་སྒོ་དང་གྲམ་མཚོ། ཆུ་ལྷོ་བཅས་སུ་འབྲུག་པ་བཀའ་བརྒྱུད་པའི་རྫོང་སྦུག་བཙུན་དགོན་དང་སྔ་འགྱུར་རྙིང་མའི་མུ་སྟོད་ཆོས་ཀློང་བཙུན་དགོན། བདེ་བ་ཅན་དགོན་པ། ཆོས་རྒྱུད་ས་སྐྱར་གཏོགས། དགོན་པ་ཕུག་གམ། ཡོངས་གྲགས་སུ་དགོན་ཏ་ཕུག་ཅེས་འབོད། གྲྭ་ཚང་དེའི་མཚན་བྱང་ཆ་ཚང་ནི་དགོན་སྦུག་ཆོས་སྡེ་དཔལ་ལྡན་རྒྱུད་པ་གྲྭ་ཚང་ཞེས་གྲགས། བོ་དོང་ཆོས་བརྒྱུད་འཛིན་པ་དང་སྒང་དཀར་ཁུལ་དུ་ཡོད་པའི་དགོན་ཏ་ཕུག་དང་མི་ནོར་མི་ཉན། བོ་དོང་ཆོས་རྒྱུད་འཛིན་པའི་སྲོས་ལྔ་ཆོས་སྡེ་དང་དེར་གྲྭ་པ་བཅོ་ལྔ་བཞུགས། མཚོ་སྒོ་ཡུལ་ཚོའི་ཆོས་སྟོད། གྲྭ་པའི་དགོན་པ། ས་སྐྱ། སྔགས་འཆང་ལུགས། དགོན་ཏ་རྩེ། བཙུན་དགོན། བཀའ་བརྒྱུད། བྱེ་བྲག་ཏུ་རྗེ་བཙུན་མི་ལའི་སྙན་བརྒྱུད་ཀྱི་རྒྱུད་པ་འཛིན་པ་བཅས་གོང་དུ་འཁོད་པའི་དགོན་སྡེ་ཁག་ལ་གཏོར་སྐྱོན་ཐེབས་འདུག
གོང་གི་རྩོམ་ཡིག་འདིའི་གསར་འགྱུར་གྱི་འབྱུང་ཁུངས་ནི་རོ་ཡེ་ཊར་སི་གསར་ཁང་དང་རྒྱ་གཞུང་གི་གསར་འགྱུར། འདི་ག་བོད་སྐད་སྡེ་ཚན་གྱི་རྡ་རམ་ས་ལའི་ཡན་ལག་ལས་ཁུངས་ལ་འབྱོར་བའི་གསར་འགྱུར་དང་ཨ་རིའི་རླུང་འཕྲིན་ཁང་ལ་ཐད་ཀར་བཏང་འབྱོར་བྱུང་བའི་གནས་ཚུལ་ཁག་ཡིན་ནོ།།
གླེང་སྟེགས།