༄༅།། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གསུམ་འཁོར་བའི་སྐབས་འདིར་ཡུ་རོབ་ལ་ཨ་རིའི་རྒྱབ་སྐྱོར་མེད་པར་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་མཐའ་དག་ཡུ་རོབ་རྒྱལ་ཁབ་ཁག་གིས་ལེན་དགོས་པའི་དུས་སུ་བབས། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། སྔ་ལོའི་ཕྱི་ཟླ་༡༡་པའི་ནང་ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཕུ་ཊིན་གྱིས་སོ་ཆི་ས་གནས་སུ་མི་ཚོགས་ཞིག་ལ་བདེན་པའི་དུས་སྐབས་དེ་འཆར་ལ་ཉེ། གཅིག་བྱས་ནས་ཤར་ཟིན་ཡོད་ཤས་ཆེ་ཞེས་བསྒྲགས། དེ་ནི་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡ་ལོ་གསུམ་ལ་གྲོགས་མེད་ཁར་རྐྱང་དུ་བཞག་སྟེ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་བདམས་ནས་ཕུ་ཊིན་ལ་གོ་སྐབས་གསར་པ་ཞིག་གི་སྒོ་ཕྱེ། ཕོ་བྲང་དཀར་པོའི་ནང་དུ་ཨ་རིས་བཙན་པོའི་མགོ་གནོན་པ་དང་ཉམ་ཆུང་མཐའ་ནས་བསྐྱངས་ཏེ་དམངས་གཙོར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རང་དབང་ནི་བཙན་དབང་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ་ཅེས་གླེང་སློང་བྱ་རྒྱུ་གྲག་མེད་དུ་གྱུར།།
ཨ་རི་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ར་ཤི་ཡར་ཁ་གཏད་གཅོག་རྒྱུ་ཡང་མཚམས་ཆད། ར་ཤི་ཡས་དམག་དཔུང་དྲངས་ནས་ཡུ་རོབ་ལ་བཙན་འཛུལ་བྱས་ན་ཨ་རིའི་སྲིད་གཞུང་གསར་པ་འདིས་ཡུ་རོབ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། ཕུ་ཊིན་གྱིས་མིའི་ཚེ་སྲོག་དང་དཔལ་འབྱོར་གྱི་འགྲོ་གྲོན་སོགས་ལ་འཛེམ་ཟོན་མེད་པར་ལོ་གསུམ་ལ་དམག་བརྒྱབ། ད་ལོ་ཕུ་ཊིན་ལ་ཡུཀ་རེན་གྱི་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཀྱི་ཡོད་པ་ཁོ་ན་མིན་པར་ཨུ་རུ་སུ་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱེད་པའི་དུས་སྐབས་རེད་སྙམ་པའི་ངེས་ཤེས་ཤིག་ཀྱང་རྙེད། ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་འཐབ་ཇུས་ཉམས་ཞིབ་པ་མེཀ་སི་བྷག་མན་(Max Bergmann)་གྱིས་ཕུ་ཊིན་ལ་ཡུཀ་རེན་གྱི་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཀྱི་ཡོད་པ་གཅིག་པུས་ག་ལ་ཚད། ཁོ་པས་ཨ་རི་དང་ཡུཀ་རེན་གྱི་བར་དུ་འགལ་ཟླ་བསླངས། ཨ་རི་དང་ཡུ་རོབ་ཀྱི་བར་དུ་འགལ་ཟླ་བསླངས་ནས་ཨ་རི་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་གོ་སྐབས་ཤིག་ཐོབ་པ་རེད་ཅེས་བསྟན།།
ཕུ་ཊིན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཨ་རིས་འགོ་ཁྲིད་པའི་རྒྱལ་ཁབ་༣༢་ལས་གྲུབ་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་གཏོར་དགོས་པ་སྟེ། ནུབ་ཆིངས་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུ་དམར་ཤོག་ལ་ཁ་གཏད་དང་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་བཙུགས། ཌོ་ནལ་ཊམ་གྱིས་ཨ་རི་ནུབ་ཆིངས་ཁོངས་ནས་ཕྱིར་འཐེན་མ་བྱས་ཀྱང་དམག་དོན་སྒྲིག་འཛུགས་དེ་ནུས་མེད་དུ་གཏང་རྒྱུ་གྲོས་སྡུར་བྱེད་ཀྱི་ཡོད་པར་སྣང་། ཌོ་ནལ་ཊམ་འོས་འདེམས་བྱུང་ནས་ཕུ་ཊིན་ལ་གོ་སྐབས་ཐོབ་པ་དེ་འདྲ་ཞིག་ལོ་༢༥་ལྷག་ལ་སྲིད་དབང་བཟུང་བའི་རིང་དེར་ཐོབ་མྱོང་མེད་ཅིང་། འདས་པའི་ལོ་མང་རིང་ཕུ་ཊིན་གྱིས་ནུབ་ཆིངས་ར་ཤི་ཡའི་སྒོ་འགྲམ་བར་དུ་རྒྱ་སྐྱེད་བྱེད་མི་ཆོག ཨ་རི་དང་ར་ཤི་ཡ་གཉིས་འབྲེལ་བ་ཡག་ཏུ་འགྲོ་མི་ཐུབ་པའི་འགག་རྩ་དེ་ནུབ་ཆིངས་ཤར་ཕྱོགས་སུ་རྒྱ་སྐྱེད་ཀྱི་ཡོད་པ་དེ་རེད། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཚོན་ཆ་རྣམས་དབུས་ཡུ་རོབ་དང་ཤར་ཡུ་རོབ་ལ་འགྲེམ་འཇོག་བྱེད་ཀྱི་ཡོད་པ་རྣམས་ར་ཤི་ཡའི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་འཁང་ར་ལན་མང་བཤད།།
ཨ་མི་རི་ཀས་ཡུ་རོབ་ལ་སྲུང་སྐྱོབ་མ་བྱས་པར་ར་ཤི་ཡས་བཙན་འཛུལ་བྱས་ན་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་མི་འཐོལ་པ་འབུམ་༣་འཕྲལ་དུ་བསྡུ་དགོས་ཤིང་། ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཧྥོར་ཅུན་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཨ་རིའི་དམག་མི་འབུམ་༡་འགྲེམ་འཇོག་བྱས་ཡོད་པ་དེར་དམག་འཁྲུག་གི་དུས་སུ་དམག་མི་འབུམ་༢་ཁ་སྣོན་བཏང་ནས་དམག་མི་འབུམ་༣་གྱིས་ཡུ་རོབ་ལ་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱས་འདུག ཨ་མི་རི་ཀའི་དམག་མི་འབུམ་༣་གྱི་འཐབ་འཁྲུག་གི་ནུས་པ་ནི་ཡུ་རོབ་རྒྱལ་ཁབ་༢༩་ཡི་དམག་དཔུང་གི་སྟོབས་ཤུགས་ལས་ཀྱང་ཆེ། ཨ་རིའི་དམག་དཔུང་ལ་སྐམ་མཚོ་གནམ་གསུམ་ནས་རྒྱབ་སྐྱོར་ཡོད་པ་དང་ཡུ་རོབ་ཀྱི་དམག་དཔུང་ལ་དེ་ལྟའི་མཐུན་རྐྱེན་མི་འཛོམས། ཡུ་རོབ་རྒྱལ་ཁབ་ཁག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀར་བརྟེན་མི་དགོས་པ་ཞིག་ཏུ་བསྒྱུར་དགོས་ན་མྱུར་དུ་དམག་མི་འབུམ་༣་ལྷག་བསྡུས་ནས་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་མཉམ་འབྲེལ་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྐུལ།།
ཡུ་རོབ་རྒྱལ་ཁབ་ཌན་མག་གི་གསང་བའི་ལས་ཁུངས་ནས་ཨ་མི་རི་ཀས་སྲུང་སྐྱོབ་མ་བྱས་ཚེ། ཟླ་བ་༦་གི་ནང་ཚུད་དུ་ཌན་མག་གི་ས་མཚམས་ཁག་ཏུ་ར་ཤི་ཡས་འཐབ་འཁྲུག་སློང་རྒྱུའི་ཉེན་ཁ་འདུག ལོ་གཉིས་ཀྱི་ནང་ཚུད་དུ་བྷོལ་ཊིཀ་རྒྱལ་ཁབ་གསུམ་ལ་དམག་འཁྲུག་རྒྱག་རྒྱུའི་རྟགས་མཚན་མངོན། ལོ་ལྔའི་ནང་དུ་ཡུ་རོབ་གླིང་ལ་དཔུང་འཇུག་བྱ་རྒྱུའི་ཉེན་ཁ་འདུག་ཅེས་གསལ་པོར་བཀོད། དེར་བརྟེན་ཌན་མག་གཞུང་གིས་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧༠་སྤར། ཡུ་རོབ་ལ་ར་ཤི་ཡར་ཁ་གཏད་གཅོག་ཐུབ་པའི་མཚོན་ཆ་དང་སྐྱེལ་འདྲེན། བརྡ་འཕྲིན་དང་གསང་བའི་གནས་ཚུལ་བསྡུ་རུབ་ཀྱི་ནུས་པ་བསྐྲུན་དགོས་པར་མ་ཟད། ལོ་ལྟར་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུ་སྒོར་དུང་ཕྱུར་༢༥༠༠་རེའམ། ཡང་ན་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣.༥་དམག་དོན་ལ་འགྲོ་གྲོན་གཏང་དགོས། ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་སློབ་སྟོན་པ་ཟུར་པ་ཧྥི་ལིབ་ལེག་རེན་(Philippe Legrain)་གྱིས་ར་ཤ་ཡ་འགོག་དགོས་ན་ཡུཀ་རེན་ཕམ་དུ་འཇུག་མི་ཉན། པྲོག་དབྱིབས་ནད་དུག་ལ་གདོང་ལེན་བྱས་པ་ལྟར་ཡུ་རོབ་ཀྱི་ནུས་པ་མཉམ་སྤུངས་བྱས་ནས་དངུལ་སྒོར་བུ་ལོན་བླངས་ཏེ་དམག་དོན་འགྲོ་གྲོན་གཏང་དགོས་ཞེས་བཀྲལ།།
ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་སྲིད་གཞུང་ཉམས་ཞིབ་སློབ་དཔོན་ཟུར་པ་ཨན་ཇཱི་ལ་ས་ཊན་ཊས་(Angela Stent)་ནེའུ་ཡོཀ་དུས་བབ་ཚགས་པར་ལ་བཤད་པ་ལྟར་ན། ཕུ་ཊིན་ནས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་འཛམ་གླིང་ལ་ཁྲིམས་བཅའ་དགོས་པ་དང་ཉམ་ཆུང་རྒྱལ་ཁབ་ཁག་དེ་ལ་དགའ་རུང་མ་དགའ་རུང་ཉན་དགོས་པའི་འདུ་ཤེས་འཛིན་གྱི་འདུག ར་ཤ་ཡ་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་མིན་ཡང་རྡུལ་ཕྲན་མཚོན་ཆ་དང་རྡོ་སྣུམ། སོལ་རླངས་དང་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་ཆོས་སློག་གཏོང་ཐུབ་པའི་དབང་ཚད་ཡོད་པས་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བརྩི་དགོས། ཌོ་ནལ་ཊམ་གྱིས་ཡུ་རོབ་ལ་སྲུང་སྐྱོབ་བྱ་རྒྱུ་དང་ནུབ་ཆིངས་ཀྱི་འགོ་འཁྲིད་རྒྱུ་དེ་ཁེ་ཕན་མེད་པ་ཞིག་ཏུ་མཐོང་གི་ཡོད་པས་ཕུ་ཊིན་གྱི་མངོན་འདོད་གཏན་ནས་འགྲུབ་མི་ཐུབ་པ་ཞིག་མ་རེད་ཟེར། དེ་བཞིན་དབྱིན་ཇིའི་རྒྱལ་པོའི་མཐོ་སློབ་ཁང་གི་སློབ་དཔོན་ཟུར་པ་ལོ་རན་སི་ཧྥི་རི་ཌ་མན་(Lawrence Freedman)་གྱིས་ཀྱང་མིག་སྔར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱི་འདུག མཐའ་མཇུག་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ངེས་གཏན་བྲལ་ཞེས་བརྗོད།།
ཌོ་ནལ་ཊམ་གྱིས་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་འགྱུར་བ་བཏང་ནས་ཕུ་ཊིན་ལ་ཁེ་ཕན་ཐོབ་ཀྱང་ལོ་༣་ལ་དམག་འཁྲུག་བརྒྱབ་སྟེ་ཡུཀ་རེན་དབང་དུ་བསྡུ་མ་ཐུབ། ཉི་མ་རེར་ར་ཤི་ཡའི་དམག་མི་༡༠༠༠་ནས་༡༥༠༠་ཡས་མས་རེ་བསད་རྨས་བྱུང་། ན་ནིང་ལོ་ཧྲིལ་པོར་ཡུཀ་རེན་གྱི་ས་ཆ་དབྱིན་ལེ་གྲུ་བཞི་མ་༡༥༠༠་ལས་ལེན་ཐུབ་མེད་པ་དང་ཡུཀ་རེན་གྱི་སྲིད་གཞུང་སྔར་ལས་སྲ་བརྟན་དུ་སོང་། ར་ཤི་ཡའི་དཔལ་འབྱོར་ཉམས་ནས་ཡུལ་ཐང་བརྒྱ་ཆ་༡༠་ལྷག་འཕར། དངུལ་ཁང་ཁག་ནས་དངུལ་སྒོར་བསྐྱི་དགོས་ན་སྐྱེད་ཀ་བརྒྱ་༢༡་སྤར། ཧྥི་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས། ཕོ་བྲང་དཀར་པོའི་ཕྱི་སྲིད་སློབ་སྟོན་པ་ཟུར་པ་ཐོ་མ་སི་གྷ་ར་ཧམ་(Thomas Graham)་གྱིས་ད་ལྟའི་ཆར་ཕུ་ཊིན་ལ་རྒྱལ་ཁ་ཐོབ་ཡོད་པའི་རྣམ་པ་ཞིག་མངོན་མོད། འོན་ཀྱང་རེ་ལྟོས་ཆེན་པོ་མ་བཅངས་ན་ལེགས། ཌོ་ནལ་ཊམ་མི་བརྟན་པོ་ཞིག་གཏན་ནས་མིན་པས་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་ཚོད་དཔག་དཀའ་ཞེས་བཤད།།
ཉམས་ཞིབ་པ་ཕལ་ཆེ་བས་ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྒྲིལ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ཡུཀ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་གྲོས་མོལ་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས། ཊམ་དང་ཕུ་ཊིན་གཉིས་ཀྱིས་ཐག་གཅོད་ཅི་ཞིག་བྱས་ཀྱང་ཐ་མ་དེར་ཡུཀ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་མོས་མཐུན་འབྱུང་དགོས་། ཨ་རིའི་རྒྱལ་ནང་དུ་ཕུ་ཊིན་ལ་ལྟ་ཚུལ་ཧ་ཅང་ངན་པ་ཡོད་པས་ཌོ་ནལ་ཊམ་གྱིས་བསམ་ཞིབ་མ་བྱས་པར་གྲོས་མཐུན་འཇོག་རྒྱུ་ཐབས་མཁས་ཤིག་མིན། ཌོ་ནལ་ཊམ་གྱིས་ཕུ་ཊིན་མགུ་ཁེངས་པ་ཞིག་བྱས་ན་ཨ་མི་རི་ཀས་ར་ཤི་ཡར་ངོ་སྲུང་བྱས་པར་བརྩི་སྲིད། ཨ་རི་བ་བརྒྱ་ཆ་༨༨་ལྷག་ཕུ་ཊིན་ལ་ཡིད་ཆེས་མེད་པ་དང་ཁོ་པས་ཡག་པོ་ཞིག་བྱ་རྒྱུ་མ་རེད་བསམས། ཨ་རི་བ་གསུམ་ཆའི་གཉིས་མ་ཟིན་ཙམ་གྱིས་ར་ཤི་ཡ་ནི་ཨ་མི་རི་ཀའི་དགྲ་བོར་རྩི་ཡི་ཡོད་པ་གསལ་སྟོན་བྱས་འདུག
གླེང་སྟེགས།