ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་དངོས་སུ་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་འགྲོ་བཞིན་པ།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་དངོས་སུ་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་འགྲོ་བཞིན་པ།


ཌོ་ནལ་ཊམ་དང་ཕུ་ཊིན་རྣམ་གཉིས།
ཌོ་ནལ་ཊམ་དང་ཕུ་ཊིན་རྣམ་གཉིས།

།སྤྱི་ཟླ་༢ པའི་ཚེས་༢༢ རེས་གཟའ་སྤེན་པའི་ཉིན་ལ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་དབར་དངོས་སུ་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། དེས་ད་ཕན་ནུབ་ཕྱོགས་ཀྱིས་ཡུག་ཀེ་རན་གྱི་དམག་འཁྲུག་གི་རྐྱེན་པས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་ཟུར་འཇོག་བྱེད་པའི་སྲིད་ཇུས་དེར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་མཚོན་གྱི་ཡོད་པ་རེད། ཅེས་བརྗོད་འདུག།

ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སེར་གྷི་རབ་ཁོབ་ཀྱིས་ཨུ་རུ་སུའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲིའི་སྐབས་སུ། རིང་མིན་ཕུ་ཊིན་དང་ཊམ་གཉིས་ཀྱི་ཐུག་འཕྲད་དེ་ལས། ཡུག་ཀེ་རན་གྱི་དམག་འཁྲུག་སྐོར་རྐྱང་པ་ཙམ་མ་ཡིན་པར། འཛམ་གླིང་གི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་རྒྱ་ཆེན་བྱ་སྲིད་པ་རེད། ཅེས་བརྗོད་འདུག།

ཁོང་གིས་གནད་དོན་འདི་ནི་ང་ཚོ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་རྒྱུན་ལྡན་ཅན་གྱི་ཕྱོགས་སུ་བསྐྱོད་འགོ་བཙུགས་ཏེ། གནས་སྟངས་ཛ་དྲག་དང་། ཉེན་ཁ་ཤིན་ཏུ་ཆེ་བའི་རྙོག་འཛིང་སངས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱ་ཐུབ་སྲིད་པ་རེད། ཡུག་ཀེ་རན་གྱི་གནད་དོན་ནི་ཛ་དྲག་གི་གནད་དོན་མང་པོ་ཡོད་པའི་ནང་ནས་གཅིག་རེད། ཅེས་བརྗོད་འདུག།

འོན་ཀྱང་ཁོང་གིས་མཇལ་འཛོམས་དེ་འདྲ་ཞིག་གོ་སྒྲིག་བྱེད་རྒྱུའི་འབད་བརྩོན་དེ་ད་དུང་འགོ་ཚུགས་ཙམ་ཡིན་པ་དང་། མཇལ་འཛོམས་འདི་བཞིན་ལེགས་འགྲུབ་ཡོང་བར་གྲ་སྒྲིག་གི་ལས་དོན་ཧ་ཅང་ཞིབ་ཚགས་ཤིག་བསྒྲུབ་དགོས་ངེས་ཡིན་པ་བརྗོད་ཡོད་པ་རེད།

སེར་གྷི་རབ་ཁོབ་ཀྱིས་ཨ་རི་དང་ཨུ་རུ་སུའི་སྐུ་ཚབ་རྣམས་བདུན་ཕྲག་གཉིས་ཀྱི་ནང་ཚུན་ལ་ཐུག་འཕྲད་བྱེད་སྲིད་པ་དང་། དེས་མཐོ་རིམ་དཔོན་རིགས་ཚོའི་དབར་གྲོས་མོལ་མུ་མཐུད་དུ་བྱེད་པར་ལམ་བཟོ་ཐུབ་ཀྱི་ཡོད། ཅེས་ཀྱང་བརྗོད་འདུག།

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སེར་གྷི་རབ་ཁོབ།
ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སེར་གྷི་རབ་ཁོབ།

ཨུ་རུ་སུ་དང་ཨ་རིའི་སྐུ་ཚབ་རྣམས་རེས་གཟའ་མིག་དམར་ཉིན། སོ་ཌི་ཨ་རབ་ནས་ཐུག་འཕྲད་བྱས་ཏེ། ཡུག་ཀེ་རན་གྱི་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་དབར་གྱི་གཞུང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་འབད་བརྩོན་འགོ་འཛུགས་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

དེ་ནི་ཊམ་གྱིས་དབང་ཆ་བཟུང་རྗེས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ལས་བྱུང་བའི་འགྱུར་བ་ཆེན་པོ་ཞིག་ཡིན་པ་དང་། ཨ་རིའི་གནད་ཡོད་མི་སྣ་ཚོས་བསམ་ཚུལ་བཏོན་དོན་ལྟར་ན། ཡུག་ཀེ་རན་གྱིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་དམིགས་ཡུལ་དང་། ཨུ་རུ་སུས་བཙན་བཟུང་བྱས་པའི་ས་ཁུལ་བརྒྱ་ཆ་༢༠ རྩོད་ལེན་བྱེད་རྒྱུའི་དམིགས་ཡུལ་འདོར་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།

གྲོས་མོལ་གྱི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་ཡིས་ཨ་རིའི་མཉམ་འབྲེལ་གསར་ཁང་ལ་བརྗོད་དོན་ལྟར་ན། ཕྱོགས་གཉིས་ཀས་དམིགས་ཡུལ་གསུམ་རྗེས་འདེད་བྱ་རྒྱུར་སྤྱི་ཡོངས་ནས་མོས་མཐུན་བྱུང་ཡོད་པ་སྟེ། རང་རང་སོ་སོའི་གཞུང་ཚབ་ཁང་གི་ལས་བྱེད་ཀྱི་གྲངས་འབོར་སླར་གསོ་བྱ་རྒྱུ་དང་གཅིག། ཡུག་ཀེ་རན་གྱི་ཞི་མོལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རིམ་པ་མཐོ་བའི་ཚན་པ་འཛུགས་རྒྱུ་དང་གཉིས། སྔར་ལས་ལྷག་པའི་འབྲེལ་བ་ཟབ་མོ་དང་དཔལ་འབྱོར་མཉམ་ལས་འཛུགས་སྐྲུན་བྱ་རྒྱུའི་ཐབས་ལམ་འཚོལ་རྒྱུ་དང་གསུམ་བཅས་ཡིན་པ་རེད།

ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས། ཡུག་ཀེ་རན་གཞུང་གྲོས་མོལ་ནང་མཉམ་ཞུགས་མ་བྱས་པའི་རྐྱེན་གྱིས་ཡུག་ཀེ་རན་གྱི་ངོས་ནས་གྲོས་མོལ་གྱི་གྲུབ་འབྲས་གང་ཡང་དང་ལེན་བྱེད་ཀྱི་མིན་ལ། ཁོང་གིས་རེས་གཟའ་ལྷག་པའི་ཉིན་སོ་ཌི་ཨ་རབ་ཏུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡང་ཕར་འགྱངས་བྱས་ཡོད་པ་རེད། ཡུ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཚོས་ཀྱང་ཁོ་ཚོ་མཐའ་ལ་ཕུད་པའི་སེམས་འཚབ་བྱུང་ཡོད་པ་རེད།

ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག།
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག།

ཊམ་གྱིས་རེས་གཟའ་པ་སངས་ཉིན་ལ་ཡུག་ཀེ་རན་དམག་འཁྲུག་འགོ་འཛུགས་བྱེད་མཁན་ཡིན་པའི་གནད་དོན་ཐད་ཀྱི་སྐྱོན་བརྗོད་ནོར་འཁྲུལ་ཅན་དེ་ཕྱིར་འཐེན་བྱས་ཡོད་ནའང་། ཊམ་གྱིས་ཛེ་ལེན་སི་ཀི་དང་ཨ་རིའི་སྲིད་འཛིན་ཟུར་པ་ཇོ་བྷ་ཌན་གཉིས་ཀས་ཕུ་ཊིན་དང་མཉམ་དུ་འགྲིག་འཇགས་ཡོང་བར་འབད་བརྩོན་ཤུགས་ཆེ་བ་བྱེད་དགོས་པའི་ཐོག་བསམ་ཚུལ་བརྟན་པོ་བཟུང་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG