ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འབྲས་ལྗོངས་སུ་ཆུ་ལོག་བརྒྱུགས་པ་ནི་མིའི་བྱེད་ལས་ལ་བརྟེན་ནས་བྱུང་སྐད། 


༄༅།། ཟླ་བ་འདིའི་ཚེས་༤་ཉིན་འབྲས་ལྗོངས་ཀྱི་ལྷོ་ནག་མཚེའུ་ཁ་ཤོར་ནས་ཏིས་ཏ་ཆུ་བོར་འདྲེས། ཆུ་ལོག་གིས་བཙུན་ཐང་ཆུ་མཛོད་ཀྱི་ཆུ་རགས་བཤིག་སྟེ་མི་༣༥་ལ་སྲོག་སྐྱོན་དང་ཟམ་པ་༡༤་བསྣུབས། ཁང་པ་༡༣༢༠་ཐམ་པ་ཆུས་ཁྱེར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཆུ་ལོག་བརྒྱུགས་ཡུལ་གྱི་ས་གནས་ཁག་ཏུ་མི་དམངས་ལ་འཐུང་ཆུ་ཆད་པ་དང་བཙོག་ཆུ་འགྲོ་སའི་ཡུར་བ་རྣམས་འགགས། འབྲས་ལྗོངས་ཀྱི་བྱང་ཕྱོགས་དང་སྒང་ཏོག དཔའ་སྐྱོང་དང་གནམ་རྩེ་རྫོང་གི་རྒྱ་ལམ་རྣམས་བསྣུབས། རྒྱ་གར་ནས་འབྲས་ལྗོངས་སུ་མཐུད་པའི་རྒྱལ་ཡོངས་གཞུང་ལམ་ཨང་༡༠་པའི་ཁག་ཅིག་ཀྱང་ཆུ་ལོག་གིས་ཁྱེར། ལྷོ་ནག་མཚེའུ་ནི་མཐོ་སྒང་དང་མཐའ་མཚམས་སུ་ཆགས་ཡོད་པར་བརྟེན། མཚེའུ་དེ་ཁ་ཤོར་བའི་རྒྱུ་རྐྱེན་ལ་བརྟག་ཞིབ་གཟབ་ནན་མ་བྱས་པར་ཆུ་ལོག་བརྒྱུགས་པའི་རྒྱུ་རྐྱེན་འདི་རེད་ཅེས་ཁ་ཚོན་བཅད་ནས་མཐའ་སྡོམ་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

ཁ་སྔོན་ཕྱི་ཟླ་༡༠་པའི་མགོ་སྟོད་དུ་འབྲས་ལྗོངས་སུ་ཆུ་ལོག་བརྒྱུགས་པར་རྒྱུ་རྐྱེན་འགའ་ཞིག་ཡོད་ཤས་ཆེ། གཅིག་ནི་ཆར་ཞོད་ཆེ་དྲགས་པ་དང་ཆར་ཆུས་མཚེའུ་ཁེངས། མཚེའུ་ནང་དུ་འཁྱག་རོམ་དང་བྲག་རྡོ་ཉིལ་ནས་ཁ་ཤོར་བ་སྲིད། དེ་མིན་ན་ས་འགུལ་ཆེན་པོ་ཞིག་བརྒྱུགས་ཏེ་ས་གཞི་ལ་འཁྲུག་ཐེབས་པ་ཡིན་སྲིད། ༢༠༢༡་ནས་རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་གྱི་རུ་ཁི་ཚན་རིག་ཞིབ་འཇུག་ཁང་དང་ཨ་རིའི་ཌེ་ཏོན་སློབ་གྲྭ་ཆེན་མོ། ཨོ་སི་ཊི་རི་ཡའི་གྷ་ར་ཛི་སློབ་གྲྭ་ཆེན་མོ། སུད་ཛར་ལན་ཌིའི་ཛུ་རིག་དང་ཇཱི་ཎི་ཝ་སློབ་གྲྭ་ཆེན་མོ་རྣམས་མཉམ་འབྲེལ་གྱིས་འབྲས་ལྗོངས་མངའ་སྡེའི་ལྷོ་ནག་མཚེའུ་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་དང་མཚོ་ཆུ་རྒྱས་འགོ་ཚུགས་ཡོད་པར་རྟོག་ཞིབ་བྱ་རྒྱུ་མགོ་བརྩམས། འཁྱག་རོམ་མཚེའུ་ཞེས་པ་ནི་འཁྱག་རོམ་ཞུ་སྟེ་གངས་འདབས་སུ་ཆུ་འཁྱིལ་ནས་མཚེའུ་ཆགས་པར་གོ་དགོས་ཤིང་། ཉེ་བའི་ལོ་ཤས་ཤིག་ནས་ཧི་མ་ལ་ཡའི་ལྗོངས་སུ་འཁྱག་རོམ་ཞུ་སྟེ་མཚེའུ་གསར་པ་འཁྱིལ་རྒྱུ་མང་དུ་སོང་།།

རྒྱ་གར་གྱི་བང་ཆེན་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འཁྱག་རོམ་མཚེའུ་དེ་དག་གི་ནང་དུ་འཁྱག་པ་དང་བྲག་རྡོ། ཕ་བོང་དང་འདམ་འབག་རྣམས་འདུས་ཡོད་པའི་མཚེའུ་ཞིག་ཁ་ཤོར་ནས་ཆུ་ལོག་བརྒྱུགས་ན་འཁྱག་རོམ་དང་རྡོ། འདམ་འབག་རྣམས་ཆུས་ཁྱེར་ཏེ་ཆུ་ལོག་གི་མདུན་དུ་ཅི་ཞིག་ཡོད་པ་ཐམས་ཅད་བསྣུབས་ནས་གཏོར་བཤིག་ཚབས་ཆེན་ཐེབས། ཆར་ཞོད་ཆེ་དྲགས་པ་དང་མཚོ་ཆུ་འཁྱིལ་རྒྱུ་མང་དྲགས་པ། འཁྱག་རོམ་ཆེན་པོ་མཚེའུ་ཁག་གི་ནང་དུ་ལྷུང་ན་རྦ་རླབས་འཕྱུར་ནས་མཚོ་མཐའི་ས་རྡོ་སོགས་ཀྱིས་སྲ་ཚུགས་མ་ཟིན་པར་མཚིའུ་ལུག་གི་ཡོད་ཅིང་། དེ་བཞིན་ས་ཡོམ་གྱིས་ཀྱང་ས་གཞི་ལ་འཁྱུག་ཐེབས་ནས་མཚོ་མཐའི་ས་རྡོ་རྣམས་ཉིལ་ཏེ་ཆུ་ལོག་རྒྱུག་ཀྱི་ཡོད་པ་རེད་ཅེས་དཔྱད་ཞིབ་ཀྱི་གསར་འགྱུར་སྤེལ་འདུག

འབྲས་ལྗོངས་གཞུང་གིས་རང་གི་མངའ་སྡེའི་ནང་དུ་འཁྱག་རོམ་ཞུ་སྟེ་མཚེའུ་༣༠༠་ལྷག་འཁྱིལ་འདུག མཚེའུ་དེ་དག་གི་གྲས་ཀྱི་༡༠་ཐམས་པ་ཁ་ཤོར་ནས་ཆག་སྒོ་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་གིས་འབྲས་ལྗོངས་མངའ་སྡེའི་ནང་དུ་འཁྱག་རོམ་མཚེའུ་༧༣༣་ཡོད་པ་ངོས་བཟུང་། རྒྱ་གར་གྱི་ས་ཁམས་བརྟག་དཔྱད་ཁང་གིས་ཨུ་ཏྲ་ཁན་མངའ་སྡེའི་ནང་དུ་འཁྱག་རོམ་མཚེའུ་༤༨༦་ཡོད་པ་དང་མཚེའུ་དེ་དག་གི་གྲས་ཀྱི་༡༣་ཁ་ཤོར་ནས་ཆག་སྒོ་འབྱུང་རྒྱུའི་ཉེན་ཁ་ཆེ་གྲས་སུ་བརྩིས། ལྡི་ལི་སློབ་གྲྭ་ཆེན་མོའི་ཚན་རིག་པ་སུ་ར་ཇ་མལ (Suraj Mal)་གྱིས་འགོ་ཁྲིད་པའི་ཚན་རིག་པའི་རུ་ཁག་ཅིག་གིས་རྒྱ་གར་གྱི་ཇམ་མུ་དང་ཀསྨིར་གྱི་ས་ཐོག་ཏུ་འཁྱག་རོམ་ཞུ་ནས་མཚེའུ་འཁྱིལ་ཡོད་པ་མང་ཤོས་འདུག དེའི་རྗེས་སུ་མོན་ཡུལ་དང་འབྲས་ལྗོངས་གཉིས་རེད་ཅེས་བསྟན།།

རྒྱ་གར་དང་ཨ་རི། ཡུ་རོབ་སོགས་ཀྱི་སློབ་ཆེན་ཁག་གི་ཚན་རིག་པ་དང་ཞིབ་འཇུག་པ་ཚོས་བརྟག་དཔྱད་བྱ་ཡུལ་དང་བརྟག་ཐབས། བརྟག་དཔྱད་ཀྱི་གཞི་གྲངས་སོགས་མ་འདྲ་བ་ཡིན་པས་མཐའ་བསྡོམས་གྱི་གྲུབ་འབྲས་ཀྱང་མ་འདྲ་བ་ཡིན་མོད། འོན་ཀྱང་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ཏུ་འཁྱག་རོམ་ཞུ་ནས་མཚེའུ་འཁྱིལ། མཚེའུ་ཁ་ཤོར་ནས་ཆུ་ལོག་བརྒྱུགས་པ་དང་ས་བརྡིབས་པ་སོགས་ཀྱི་རྐྱེན་ངན་གོ་ཆག་འབྱུང་རྒྱུ་ཇེ་མང་དུ་ཕྱིན་ཡོད་པར་ཚན་རིག་པ་དང་ཞིབ་འཇུག་པ་རྣམས་ལྟ་ཚུལ་གཅིག་ཏུ་མཐུན། རང་བྱུང་ཚན་རིག་ཉམས་ཞིབ་པ་ཁེ་རོ་ལིན་ཊེ་ལར་(Caroline Taylor)་གྱིས་ཨེ་ཤི་ཡའི་མཐོ་སྒང་ཁག་ཏུ་མི་གྲངས་ས་ཡ་༩་ལྷག་འཚོ་གནས་བྱེད་ཀྱི་འདུག ཨེ་ཤི་ཡའི་རི་བོ་དེ་རྣམས་ནུབ་ཕྱོགས་སུ་ཐེན་ཧྲན་དང་པ་མིར། ཧིན་རྡུ་ཀུ་ཤ་དང་ཀ་ར་ཀོ་རམ། ལྷོ་ཕྱོགས་སུ་ཧི་མ་ལ་ཡ་དང་ཤར་ཕྱོགས་སུ་ཆི་ལཱེན་རི་བོ་བཅས་ཡོད་པ་རྣམས་ཀྱི་འདབས་སུ་འཁྱག་རོམ་ཞུ་བའི་མཚེའུ་འཁྱིལ། ཆུ་འདབས་ཀྱི་སྡེ་གྲོང་རྣམས་བསྣུབ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་སྙན་ཐོ་བཏོན།།

ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་སྤྱི་དམངས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་འབྲས་ལྗོངས་སུ་ཆུ་ལོག་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཐེབས། དེང་སྐབས་འབྲས་ལྗོངས་བ་ཚོར་གློག་དང་དྲྭ་རྒྱའི་འབྲེལ་ལམ་ཆད་ནས་དཀའ་ངལ་ནང་དུ་ཚུད། ཧི་མ་ལ་ཡའི་ན་གཞོན་ཚོགས་པ་ཞེས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་དང་རྒྱ་གར་བྱང་ཤར་གྱི་ས་གནས་ཁག་གི་འཐུས་ཚབ་མཚོན་པའི་ཚོགས་པ་ཞིག་གི་མགྲིན་ཚབ་པ་ལེབ་ཆ་རྒྱ་མཚོ་ཞེས་པ་ཞིག་གིས་ང་ཚོར་དྲྭ་རྒྱའི་འབྲེལ་ཐག་ཆད་ནས་ཉིན་ཤས་ཡིན། ཆུ་མཛོད་ཉེ་འཁོར་གྱི་ས་གནས་ཁག་ལ་གནོད་འཚེ་ཆེན་པོ་ཕོག་འདུག ཆུ་མཛོད་འཁྲིས་ཀྱི་གྲོང་རྡལ་རྣམས་རྩ་སྣུབ་ཕྱིན་ཡོད་པ་དང་ང་ཚོས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་ཚོད་དཔག་བྱེད་དཀའ། ད་ཐེངས་ཀྱི་ཆུ་ལོག་འདིས་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་ཞིབ་འཇུག་ཆ་ཚང་ཞིག་བྱེད་པར་ཉུང་མཐའ་ཡང་ཉིན་༡༠་ནས་༢༠་ཡས་མས་ཤིག་འགོར་ས་རེད་ཅེས་བཀྲལ།།

ལྷོ་ཨེ་ཤི་ཡའི་ཆུ་མཛོད་དང་གཙང་པོ། མི་དམངས་བཅས་ཀྱི་ཞིབ་འཇུག་པ་ཧི་མན་ཤུ་ཐ་ཀཱར་(Himanshu Thakkar)་གྱིས་བཤད་པ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་རྣམས་མགྱོགས་མྱུར་གྱིས་ཞུ་ཡི་ཡོད་པར་མ་ཟད། འབྲས་ལྗོངས་སུ་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་ནས་ཆུ་ལོག་བརྒྱུགས་པ་ཡིན་སྲིད། ཆུ་ལོག་གི་སྔ་ཉིན་དེར་བལ་ཡུལ་དུ་ས་འགུལ་བརྒྱུགས་ནས་ས་གཞི་འཁྲུགས་པའི་ཤུགས་རྐྱེན་དེ་འབྲས་ལྗོངས་སུ་ཐེབས་ཡོད་པའི་དོགས་པའང་བྱེད་ཆོག བཙུན་ཐང་ཆུ་མཛོད་ནང་དུ་རྡོ་དང་འདམ་འབག་ཊོན་ས་ཡ་མ་མང་པོ་ལུག་ཡོང་བས་ཆུ་རགས་ཀྱིས་ཨར་མ་བརྟེན་པར་རགས་ཁ་ཤོར་བ་ཡིན་པར་སྣང་། ཆུ་མཛོད་ཁ་ཤོར་ན་གནོད་འཚེ་ལྡབ་འགྱུར་གྱི་ཤུགས་ཆེ་བ་འབྱུང་། ཆུ་མཛོད་གྲམ་གྱི་ཡུལ་སྡེ་ཁག་རྩ་སྣུབ་གཏོང་རྒྱུ་དང་གཞུང་འབྲེལ་མི་སྣ་ཚོར་ཆུ་ལོག་ལ་གདོང་ལེན་བྱེད་པར་དུས་ཡུན་ཆུ་ཚོད་༡་ཡས་མས་རེའི་གོ་སྐབས་ལས་མི་འཐོབ་ཅེས་དཔྱད་རྩོམ་བྲིས་འདུག

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པ་རེམ་སིང་ཏ་མང་གིས་གསར་འགོད་པ་ཚོར་མི་སྟོང་ཕྲག་མང་པོར་དཀའ་ངལ་འཕྲད་བཞིན་ཡོད། མངའ་སྡེ་གཞུང་གིས་ཉེན་སྐྱོབ་ཀྱི་སྒར་ཁ་༢༦་བརྒྱབ་ཡོད། རྒྱ་གར་གྱི་དམག་མི་༢༢་གར་ཡོད་ཤེས་ཀྱི་མེད་པའི་གནས་ཚུལ་སྤེལ་བ་དེའི་གྲས་ཀྱི་དམག་མི་༧་ལ་འཆི་སྐྱོན་ཕོག་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཧི་མན་ཤུ་ཐ་ཀཱར་གྱིས་མང་ཚོགས་ནས་ལོ་མང་ཕྱིན་པའི་ཆུ་མཚོད་རྙིང་པ་རྣམས་བཀོལ་སྤྱོད་མེད་པར་གཏོང་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་ས་རེད། ཆུ་མཛོད་ཁག་བདེ་འཇགས་ཡིན་མིན་ཡོངས་གྲགས་སུ་རྟོག་ཞིབ་བྱེད་དུ་འཇུག་དགོས། ལོ་མང་ཕྱིན་པའི་ཆུ་མཛོད་རྣམས་བཀོལ་སྤྱོད་མེད་པར་གཏོང་དགོས་པའི་ཐག་གཅོད་བྱས་ཀྱང་ཕྱིས་སུ་དོན་ཚན་དེ་མེད་པར་བཏང་ནས་ལག་ལེན་བསྟར་མི་འདུག་ཟེར། ཚན་རིག་པ་ཚོས་༢༠༢༡་ནས་འབྲས་ལྗོངས་སུ་འཁྱག་རོམ་ཞུ་བའི་མཚེའུ་འཁྱིལ་ཡོད་པ་ཁ་ཤོར་ཏེ་ཆག་སྒོ་འབྱུང་རྒྱུའི་ཉེན་བརྡ་བཏང་ཡང་མངའ་སྡེ་གཞུང་གིས་སྣང་མེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཚན་རིག་པ་ཚོས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པའི་དུས་སུ་མཐོ་སྒང་གི་ས་གནས་ཁག་ཏུ་རྒྱ་ལམ་དང་ཆུ་མཛོད། ཟམ་པ་སོགས་འཛུགས་སྐྲུན་ཅི་ཞིག་བྱས་ཀྱང་འཛུགས་སྐྲུན་སྤུས་དག་ཅིག་བྱེད་ཀྱི་ཡོད་མེད་རྟོག་ཞིབ་བྱ་དགོས་ཀྱི་འདུག མཐོ་སྒང་གི་ས་གནས་ཁག་ཏུ་ཆུ་ལོག་བརྒྱུགས་ན་ཆུ་འགྲམ་དུ་ཆགས་པའི་ཁང་པ་རྣམས་སྔོན་ལ་ཆུས་འཁྱེར་གྱི་ཡོད་པས་འཛུགས་སྐྲུན་བརྟན་པོ་ཞིག་བྱ་དགོས། རྒྱལ་ཁབ་སོ་སོས་འཁྱག་རོམ་ལ་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཀྱང་འགྲོ་གྲོན་དང་ཆེད་ལས་པ་མེད་པར་འཁྱག་རོམ་ཁག་ཅིག་ལ་མ་གཏོགས་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་ཡི་ཡོད་པ་ནི་བསྙོན་དུ་མེད་པའི་དོན་དངོས་ཤིག་ཡིན་པ་དང་མཚེའུ་གསར་པ་འཁྱིལ་རྒྱུ་ཟློག་ཐབས་བྲལ། འཛམ་གླིང་གི་ས་གནས་ཁག་གི་འཁྱག་རོམ་རྣམས་ཅི་ཙམ་ཞུ་ཡི་ཡོད་པ་དེ་ལ་བལྟས་ནས་སའི་གོ་ལའི་གནམ་གཤིས་ཚ་དྲོད་ཅི་ཙམ་རྒྱས་ཀྱི་ཡོད་པ་ངོ་འཕྲོད། དེས་ན་ཧི་མ་ལ་ཡའི་ལྗོངས་ཀྱི་འཁྱག་རོམ་ཁག་ལ་དོ་སྣང་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ་ཞེས་ནན་སྐུལ་བྱས་འདུག

XS
SM
MD
LG