༄༅།། རྣམ་པ་ལྷན་རྒྱས་ཕྱི་དྲོར་བདེ་ལེགས། རྣམ་པ་ཚོས་སྣེ་ལེན་གཟབ་རྒྱས་ཞུས་པར་བཀའ་དྲིན་ཆེ། མཱེ་ཁེལ། སྐུ་ཉིད་ཀྱིས་སྒྲིག་འཛུགས་གལ་ཆེན་འདིར་འགོ་ཁྲིད་གང་ལེགས་གནང་བར་བཀའ་དྲིན་ཆེ། བྷོབ་སླར་ཡང་ཨ་རིའི་རླུང་འཕྲིན་ཁང་གི་འགོ་ཁྲིད་ལ་ཕེབས་པར་རྟེན་འབྲེལ་ཞུ། དེ་རིང་སྐུ་ཉིད་ཀྱིས་ང་གཏམ་བཤད་བྱེད་དུ་མགྲོན་འབོད་གནང་བ་ནི་གཟི་བསོད་ཅིག་ལ་རྩི་བཞིན་ཡོད། བློས་ཐུབ་ཀྱི་གྲོགས་པོ་ཚོའི་མཉམ་དུ་ལྷན་འཛོམས་བྱུང་བ་ནི་རྟག་ཏུ་སྤྲོ་སྣང་འཕེལ་བ་ཞིག་ལོས་ཡིན།
དེ་རིང་འདིར་དཀྱིལ་ཤར་ས་ཁུལ་གྱི་རྒྱང་སྲིང་དྲྭ་ལས་ཁང་གི་འགན་འཛིན་ཝྭིཀ་ཊོ་རི་ཡ་ཀོ་ཏེ་སི་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་སི་ཊིབ་ཡེ་ཊི་སི། དེ་བཞིན་རྒྱལ་སྤྱིའི་རྒྱང་སྲིང་ལས་ཁུངས་ཁག་གི་འགན་འཛིན་རྣམས་ཕེབས་ཡོད་པར་ལེགས་གསོལ་ཞུ་རྒྱུ་ཡིན།
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམས་དང་ལས་བྱེད་པ། རྒྱང་སྲིང་གསན་གཟིགས་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ང་ལ་རྣམ་པ་ཚོའི་འཛམ་གླིང་གི་མཐའ་གྲུ་ཀུན་ཏུ་ཁྱབ་པའི་གསར་འགོད་པ་ཚོས་བཅར་འདྲི་ལན་མང་ཞུས་མྱོང་།
ད་ཐེངས་ཀྱི་གཏམ་བཤད་འདི་ཡང་རྣམ་པ་ཚོའི་སྐད་ཡིག་༤༠་ལྷག་གི་བརྙན་འཕྲིན་དང་རླུང་འཕྲིན། དྲྭ་རྒྱ་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བཅས་སུ་རྒྱང་སྲིང་ཞུ་ཡི་ཡོད་ཤེས་རྟོགས་བྱུང་།
ལོ་ཙཱ་བ་རྣམས་ལའང་གུས་འདུད་ཞུ། ངས་སྐད་ཆ་མགྱོགས་པོ་བཤད་ཀྱི་ཡོད་པ་རྣམས་ཨུ་ཛི་བྷེཀ་སྐད་ལ་ཇི་ལྟར་བསྒྱུར་དགོས་པ་མི་ཤེས། ལོ་ཙཱ་བ་དེར་དམིགས་བསལ་གྱི་ལེགས་གསོལ་འབབ།
ང་འདི་གར་བཅར་འདྲི་བྱེད་་རྒྱུ་བྱུང་བ་ནི་ངོ་མར་གཟི་བསོད་ཅིག་ལ་རྩི་བཞིན་ཡོད། ངས་ལོ་བཅུ་ཕྲག་མང་པོའི་སྔོན་ནས་རྣམ་པ་ཚོའི་ལས་དོན་ལ་དོ་སྣང་བྱེད་ཀྱི་ཡོད།།
རྣམ་པ་ཚོ་མང་དག་ཅིག་གིས་མཁྱེན་གསལ་ལྟར་ངའི་ཆེད་ལས་ནི་དམག་མིའི་འགོ་ཁྲིད་ཅིག་ནས་མགོ་བརྩམས། ལྕགས་གྲྭའི་ཁྲ་ཡོལ་དང་རང་དབང་གི་མདུན་སར་སྐོར་གཡེང་བྱས་པ་ཡིན། ང་ས་མཚམས་བརྒལ་ནས་ཤར་འཇར་མན་ཎིར་འཛུལ་མི་ཆོག་པ་དང་ནུབ་འཇར་མན་ཎི་ལའང་འཛུལ་མི་ཆོག འོན་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་སྲིང་ཁྱབ་ཐུབ།།
ང་ཚོས་ནམ་ཡང་མིང་སོགས་ཤེས་རྟོགས་མི་ཐུབ་པའི་སྐྱེ་བོ་ཕོ་མོ་ས་ཡ་མང་པོས་རང་སྲོག་འབེན་ལ་བཙུགས་ནས་རྣམ་པ་ཚོར་ཉན་གྱི་ཡོད་པ་ཤེས་ཐུབ། ཁོ་ཚོའི་སྲིད་གཞུང་ཁག་གིས་རྫུན་འབའ་ཞིག་དང་དྲིལ་བསྒྲགས་ཁོ་ན་སྒྲོགས་ཀྱི་་ཡོད་པས་ཨ་རིའི་རླུང་འཕྲིན་ཁང་གི་གསན་མཁན་ཚོར་བདེན་པ་མཁོ་གལཡི་ཡོད་པ་རེད། ཁོ་ཚོའི་དགོས་མཁོ་དེ་ཁྱེད་ཚོས་སྐུང་གི་ཡོད་པ་རེད།།
༡༩༤༢་ལོར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་སྲིང་དང་པོ་ནི་སྤྱི་མཐུན་དམག་འཐབ་གླུ་དབྱངས་ཀྱིས་འགོ་བཙུགས་ཏེ་གསར་འགྱུར་བཟང་ངན་ལ་ཁྱད་པར་མེད། ང་ཚོས་རྣམ་པ་ཚོར་བདེན་པ་དེ་བཤད་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་རེད།
ང་ནི་དེ་ལ་དགའ་མོས་ཡོད། ངས་རང་གི་བུ་འཚར་ལོངས་འབྱུང་བཞིན་པའི་དུས་སུ་དཀའ་ལས་རྒྱོབ། ཡིད་ཆེས་མ་བརླགས། བདེན་པ་ཤོད་ཅེས་གདམས་མྱོང་། ཁོ་པ་དུས་སྐབས་ཕལ་ཆེ་བར་ངའི་ཁ་ཏའི་རྗེས་སུ་འབྲང་གི་འདུག
ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་ནི་བདེན་པ་དང་ཕྱོགས་སུ་མ་ལྷུང་བ། ཕྱོགས་ཡོངས་ཀྱི་གསར་འགྱུར་བསྒྲགས་ནས་ཨ་མི་རི་ཀའི་ངོ་ཚབ་མཚོན་དགོས།།
ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁུངས་ཀྱི་ལས་འགན་ནི་གནས་ཚུལ་མཁོ་སྤྲོད་དང་འབྲེལ་བ་འཛིན་རྒྱུ། འཛམ་གླིང་ཡོངས་ཀྱི་རང་དབང་དང་དམངས་གཙོར་རྒྱབ་སྐྱོར་བྱས་ནས་འབྲེལ་བ་མཐུད་རྒྱུ་བཅས་ཡིན། འདི་ནི་ཨ་མི་རི་ཀས་རྟག་ཏུ་རང་དབང་དང་དམངས་གཙོ་རྒྱ་སྐྱེད་གཏོང་གི་ཡོད་པས་རྣམ་པ་ཚོ་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་ཡིན།།
སྲིད་གཞུང་ཁག་ཅིག་གིས་གཏན་ནས་དགའ་མོས་མི་བྱེད་པ་རྣམས་ང་ཚོའི་རྒྱལ་ཁབ་འདིས་རྩ་འཛིན་བྱེད་བཞིན་ཡོད། ང་ཚོས་སྲིད་གཞུང་ཚུགས་པ་ནི་མི་དམངས་ལ་སྲི་ཞུ་སྒྲུབ་པའི་ཆེད་དུ་ཡིན་པ་ཤེས་ཡོད། ཁོ་ཚོས་མི་དམངས་འཚོ་གནས་བྱེད་དགོས་དོན་ནི་སྲིད་གཞུང་ལ་སྲི་ཞུ་སྒྲུབ་རྒྱུའི་ཆེད་དུ་རེད་བསམས་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གི་ལས་དོན་རྣམས་གལ་གནད་ཆེ། རྣམ་པ་ཚོ་རང་དབང་གི་མདུང་རྩེ་རེད། ཨ་རིའི་རླུང་འཕྲིན་ཁང་ལ་སྐད་ཡིག་༤༧་ཡོད་པ་རྣམས་བདུན་ཕྲག་རེར་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བདུན། ས་ཡ་བརྒྱད་ལ་སྙོབ་ཀྱི་ཡོད། ཨི་རན་བ་ཚོས་ཁ་ཆེའི་ལྕགས་སྒྲོག་འོག་ནས་དུས་ནམ་ཞིག་གྲོལ་ཐུབ་རྒྱུ་ཡིན་མིན་གྱི་རེ་ལྟོས་འཆང་ནས་རྣམ་པ་ཚོར་ཉན་གྱི་ཡོད་པ་རེད།།
མལ་དྷོ་ཝྭ་བ་དང་ཡུཀ་རེན་བ་ཚོར་དྲང་བདེན་གྱི་གསར་འགྱུར་མཁོ་བ་ལས་ཨུ་རུ་སུའི་འཁྱོག་བཤད་དང་དྲིལ་བསྒྲགས་མི་དགོས། ༡༩༤༩་ནས་གདུག་རྩུབ་འབའ་ཞིག་ལས་ཅི་ཡང་སྒྲུབ་ཀྱི་མེད་པའི་སྲིད་གཞུང་དེར་རྒྱ་ནག་གི་སྤྱི་དམངས་རྣམས་ཡི་ཐང་ཆད་འདུག ཝྭེ་ནེ་ཛུ་ལའི་མི་དམངས་ལ་མ་དྷུ་རོའི་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་རྣམས་ཤེས་འདོད་ཡོད། གོ་ལའི་སྟེང་གི་གང་ས་གང་དུ་གཉའ་གནོན་མྱོང་བའི་མི་དམངས་རྣམས་ཀྱི་བློ་སེམས་ཨ་མི་རི་ཀའི་ཕྱོགས་སུ་གཏད་ནས་རེ་ལྟོས་འཆང་གི་ཡོད་པ་རེད། ངས་རྣམ་པ་ཚོ་མང་དག་ཅིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གཙོ་བོར་གྱུར་པའི་ས་གནས་གང་སར་ཆེད་ལས་བསྒྲུབས་ནས་དཔའ་རྟགས་བཞག་པ་ཤེས་ཀྱི་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་ཉེན་རྟོག་པའི་འཇིགས་སྐུལ་དང་སུན་གཙེར། རྡུང་རྡེག་བཅས་ལ་གདོང་ལེན་བྱས་ནས་ཧོང་ཀོང་གི་གནས་ཚུལ་རྒྱང་སྲིང་བྱས་པར་བསྔགས་བརྗོད་ཡོད། ཁྱེད་ཚོ་འགོག་རའི་མདུན་གྱི་རང་དབང་འཐབ་རྩོད་པ་རྣམས་ཀྱི་རྒྱབ་ལོགས་སུ་ཡོད་པ་དང་སྐབས་ཐོག་དེའི་གསར་འགྱུར་རྣམས་རྒྱང་སྲིང་བྱས། ཁྱེད་ཚོས་ཨ་རིའི་རླུང་འཕྲིན་ཁང་གི་ཕུལ་བྱུང་སྲོལ་རྒྱུན་གཅེས་འཛིན་དང་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རིང་ལུགས་དེའི་མགྲིན་ཚབ་པར་གྱུར་ཡོད།།
ངས་གཏམ་བཤད་འདིར་གསན་བཞིན་པའི་རླུང་འཕྲིན་ལས་ཁུངས་གཞན་ཁག་ལའང་རྟེན་འབྲེལ་ཞུ་རྒྱུ་ཡིན། འཛམ་གླིང་འདིར་ཡུ་གུར་སྐད་ཡིག་གི་རླུང་འཕྲིན་སྡེ་ཚན་གཅིག་ལས་མེད་པ་ནི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཚུགས་ཡོད། ཞིན་ཅང་གི་ས་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་མི་དམངས་ལ་དུས་རབས་འདིའི་ཆེས་གདུག་རྩུབ་ཀྱི་མནར་གཅོད་དང་དྲག་གནོན་བྱེད་ཀྱི་ཡོད་པ་རྣམས་ཀུན་ལ་ཐེར་འདོན་བྱས་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དྲུག་གི་གཉེན་ཚན་རྣམས་བཙོན་འཇུག ཁོ་ཚོ་ངལ་རྩོལ་བཙོན་སྒར་ཁག་ལ་བཅུག་སྟེ་བཟའ་མི་རྣམས་ལ་སྡིགས་ར་བསྐུལ་ཡང་རྣམ་པ་ཚོས་ཆེད་ལས་རྒྱུན་འཁྱོངས་བྱས་པ་རེད། ཁྱེད་ཚོའི་ཆེད་ལས་དེར་བློ་སྟོབས་དགོས་པ་ཞིག་རེད།།
ངས་གཏམ་བཤད་མཇུག་བསྡུས་ནས་དྲི་བ་དྲིས་ལན་མ་བྱས་སྔོན་དེར་ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་དེ་གནད་འགག་ཆེན་པོ་ཅི་ཙམ་ཡིན་མིན་གྱི་ལུང་ཚིག་ཅིག་འདྲེན་རྒྱུ་ཡིན། ལུང་ཚིག་དེ་འཇོར་ཇཱི་ཝ་ཤིང་ཊོན་གྱི་གསུང་ཞིག་རེད། ཁོང་གིས་མཐར་ཐུག་བདེན་པའི་འོད་སྣང་གིས་སྡུག་བསྔལ་གྱི་མུན་པ་སེལ་ཐུབ་ཅེས་གསུངས། ཨ་མི་རི་ཀས་དུས་ནམ་ཞིག་འཛམ་གླིང་ཡོངས་ལ་བདེན་པ་བཤད་ན་འོད་སྣང་འགྱེད་ཀྱི་ཡོད་པ་རེད། དེ་ནི་ནམ་ཡང་བརྗེད་མི་ཉན། རྣམ་པ་ཚོ་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་རིའི་རླུང་འཕྲིན་ཁང་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་མི་རི་ཀ་དཀོན་མཆོག་གིས་སྲུང་གྱུར་ཅིག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕེའོ་ཡིས།
ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༡ ཉིན།
ཝ་ཤིང་ཊོན་དུ།།