ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༦/༣༠

ཚན་རིག་པ་ཚོས་ཧི་མ་ལ་ཡའི་ལྗོངས་སུ་འཐུང་ཆུ་ཆད་སྲིད་ཟེར།


༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཧི་མ་ལ་ཡའི་ལྗོངས་སུ་ཁ་བ་འབབ་རྒྱུ་ཉུང་དུ་སོང་། གངས་རི་དང་འཁྱག་རོམ་ཞུ་བའི་ཆུ་རྣམས་བསྐམས་ཏེ་མི་ཟོག་ལ་འཐུང་ཆུ་ཆད་སྲིད་པའི་ཉེན་ཁ་འདུག་ཅེས་སྔོན་བརྡ་བཏང་འདུག ཕྱི་ཟླ་༦་པའི་ཚེས་༡༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་དགུན་ཁར་ཧི་མ་ལ་ཡའི་ལྗོངས་སུ་ཁ་བ་ཆེས་ཤིན་ཏུ་ཉུང་ཉུང་ཞིག་ལས་བབས་མེད་ཅིང་། ཧི་མ་ལ་ཡའི་གངས་ཆུ་དང་འཁྱག་རོམ་ཞུ་བའི་ཆུ་ལ་བརྟེན་ཡོད་པའི་མི་གྲངས་ས་ཡ་མང་པོར་དབྱར་གྱི་དུས་འདིར་འཐུང་ཆུ་ཆད་རྒྱུའི་ཉེན་ཁ་འདུག བོད་དང་ཧི་མ་ལ་ཡའི་ལྗོངས་ནས་མཆེད་པའི་ཆུ་བོ་ཆེན་པོ་༡༢་ཀྱི་བཞུར་རྒྱུན་དེ་དག་ཁ་བ་དང་འཁྱག་རོམ་ཞུ་བའི་ཆུ་རྒྱུན་ལ་བརྟེན་ཡོད་པ་རེད་ཅེས་བསྟན།།

བལ་ཡུལ་དུ་གནས་འཁོད་རྒྱལ་སྤྱིའི་རི་བོ་མཉམ་འདྲེས་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཤཱེར་མུ་ཧ་མེ་དས་བཤད་པ་ལྟར་ན། ཧི་མ་ལ་ཡའི་ཆུ་རྒྱུན་ཆད་སྲིད་པར་རོང་སའི་ཡུལ་སྡེ་ཁག་གི་ཉམས་ཞིབ་པ་དང་སྲིད་ཇུས་གཏན་འབེབས་པ་སོགས་ཀྱིས་ཛ་དྲག་གི་གདན་དོན་ཞིག་ཏུ་བརྩི་ཤས་ཆེ། དེང་སྐབས་དུས་རྒྱུན་ལྟར་ཁ་བ་འབབ་ཀྱི་མེད་པ་དང་ཆུ་རྒྱུན་རྣམས་བསྐམས། ལྷག་པར་དུ་ལོ་འདིར་ཁ་བ་སྲབ་པོ་ཞིག་ལས་འབབ་ཐུབ་མེད་པ་བཅས་ཀྱིས་འཐུང་ཆུ་དཀོན་དུ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་འདུག ཧི་མ་ལ་ཡའི་ལྗོངས་ཀྱི་མི་གྲངས་དུང་ཕྱུར་༢་དང་བྱེ་བ་བཞི། ད་དུང་དེའི་ཁར་མི་གྲངས་དུང་ཕྱུར་༡༦་དང་ཕྱེད་ཀའི་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་ཆུའི་འབྱུང་ཁུངས་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་ལ་ཐུག་ཡོད་པ་རེད་ཅེས་བཀྲལ།།

བལ་ཡུལ་དང་ཨབ་གྷ་ཎི་སི་ཐན། བངྒ་ལ་དང་འབྲུག་ཡུལ། རྒྱ་ནག་དང་རྒྱ་གར། འབར་མ་དང་པ་ཀི་སི་ཐན་བཅས་ཀྱིས་རང་གི་ཡུལ་ལུང་དེ་ཚོར་འཐུང་ཆུ་སོགས་ཆད་སྲིད་པའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཅི་ཡོད་ལ་གྲོས་སྡུར་བྱས། འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ལ་གོང་འཁོད་རྒྱལ་ཁབ་དེ་དག་གིས་ལོ་རེའི་ཁ་བའི་འབབ་ཚད་དང་ཆུའི་བཞུར་རྒྱུན་གྱི་ཚད་གཞི་རྣམས་ཐོ་འགོད་བྱས་ཤིང་། ཁོ་ཚོས་ལོ་འདིའི་ཁ་བ་འབབ་ཚད་ཧ་ཅང་ཉུང་ཉུང་རེད་ཅེས་སྙན་ཐོའི་ནང་དུ་བཀོད། ད་ལོ་ཁ་བ་མ་བབས་པའི་རྐྱེན་གྱིས་ཆུ་བོ་གངྒའི་བཞུར་རྒྱུན་ཆེས་ཉུང་ཤོས་སུ་གྱུར། ༢༠༡༨་ལོར་ཆུ་བོ་གངྒའི་ཆུ་རྒྱུན་ཆ་བརྒྱ་༡༥་ཉུང་དུ་ཕྱིན་པ་དང་ད་ལོ་ཆུ་རྒྱུན་བརྒྱ་ཆ་༡༧་ཉུང་དུ་ཕྱིན་འདུག་ཅེས་སྙན་ཐོའི་ནང་དུ་བྲིས་འདུག

ཨབ་གྷི་ཎི་སི་ཐན་གྱི་ཧལ་མན་ཌ་ཆུ་བོ་
ཨབ་གྷི་ཎི་སི་ཐན་གྱི་ཧལ་མན་ཌ་ཆུ་བོ་

ཨབ་གྷི་ཎི་སི་ཐན་གྱི་ཧལ་མན་ཌ་ཆུ་བོ་བརྒྱ་ཆ་༣༢་དང་སེངྒེ་ཁ་འབབ་ཀྱི་ཆུ་རྒྱུན་བརྒྱ་ཆ་༢༣་ཉུང་དུ་ཕྱིན་ཡོད་པར་མ་ཟད། ཡར་ཀླུང་གཙང་པོའམ། རྒྱ་གར་བ་ཚོས་བྲཱ་མ་པུ་ཏ་ར་ཞེས་འབོད་པའི་ཆུ་རྒྱུན་བརྒྱ་ཆ་༢༣་བྲི། འཁྱག་རོམ་ཞིབ་འཇུག་པ་མི་རཱི་ཡམ་ཇཱེཀ་སན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཏེ་ས་ཆ་ཁག་ཅིག་ལ་ཐན་པ་བྱུང་བ་དང་ས་ཆ་ཁག་ཅིག་ལ་ཆུ་ལོག་རྒྱུག་པ་སོགས་ཀྱི་རང་བྱུང་གི་གནོད་འཚེ་འབྱུང་གི་འདུག ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་ལ་བརྟེན་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ཐན་པ་དང་ཆུ་ལོག རྩི་ཤིང་བསྐམས་ནས་ས་ཞིང་བྱེ་ཐང་དུ་འགྱུར་སྲིད་པའི་དཀའ་ངལ་ལ་སྔོན་ནས་གྲ་སྒྲིག་བྱ་གལ་ཆེ་ཞེས་ནན་སྐུལ་བྱས་འདུག

ཕྱི་ཟླ་༦་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་སུ་ཆུ་ལོག་བརྒྱུགས་ཏེ་མི་༦་ལ་སྲོག་སྐྱོན་དང་ཡུལ་སྐོར་སྤྲོ་འཆམ་པ་༢༠༠༠་ལྷག་ལམ་ཁ་འགགས་ཏེ་ལུས། དེ་བཞིན་བལ་ཡུལ་གྱི་ཏབ་ལེ་ཇུང་རྫོང་ཁོངས་སུ་ཆུ་ལོག་བརྒྱུགས་ནས་མི་༤་ལ་སྲོག་སྐྱོན་ཕོག འབྲས་ལྗོངས་སུ་ཆར་ཞོད་ཆེ་བའི་སྟབས་ཀྱིས་སྒང་ཏོག་ནས་སྤྱི་ལེ་༡༠༠་ཡས་མས་ཤིག་གི་མཚམས་སུ་ཆགས་པའི་མན་གྷན་རྫོང་གི་ས་གནས་འགའ་ཞིག་ཏུ་ས་རུད་བརྒྱབ་སྟེ་འགྲིམ་འགྲུལ་མཚམས་ཆད། མན་གྷན་རྫོང་གི་རྫོང་དཔོན་ཧེམ་ཀུ་མར་ཆེ་ཏ་རིས་ཆུ་ཚོད་༣༦་གི་རིང་ལ་ཆར་པ་མཚམས་ཚིགས་མེད་པར་བབས་སོང་། འབྲས་ལྗོངས་བྱང་ཕྱོགས་ཀྱི་རྒྱ་ལམ་མང་ཆེ་བ་ཆུ་ལོག་གིས་བསྣུབས་འདུག་ཟེར། གཟའ་ཟླ་བ་ཡས་མས་སུ་ལམ་ཐོག་ཏུ་ལུས་པའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྐྱོབ་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

འབྲས་ལྗོངས་ཆུ་ལོག་དང་ས་རུད་ཀྱིས་ལོ་ལྟར་གོད་ཆག་བྱུང་།
འབྲས་ལྗོངས་ཆུ་ལོག་དང་ས་རུད་ཀྱིས་ལོ་ལྟར་གོད་ཆག་བྱུང་།

སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲང་བ་མང་བའི་འབྲས་ལྗོངས་ལ་མི་འབོར་འབུམ་༦་དང་ཕྱེད་ཀ་ཡོད་པར་མ་ཟད། འབྲས་ལྗོངས་ནི་བོད་དང་བལ་ཡུལ། འབྲུག་ཡུལ་བཅས་ལ་ས་མཚམས་འདྲེས་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཞིག་ཡིན་ཞིང་། འབྲས་ལྗོངས་ཀྱི་མཁའ་རླུང་གཙང་མ་དང་ཡུལ་ལྗོངས་མཛེས་སྡུག་ལྡན་པ། གནམ་གཤིས་བསིལ་པོ་དང་དབྱར་གྱི་ཚ་བའི་དུས་སུ་རྒྱ་གར་བ་སྟོང་ཕྲག་མང་པོ་སྤྲོ་འཆམ་དུ་བསྐྱོད་ཡུལ་གྲས་སུ་ཚུད། ཡིན་ནའང་ཆུ་ལོག་དང་ས་རུད་ཀྱིས་ལོ་ལྟར་གོད་ཆག་བྱུང་། དཔེར་ན་སྔ་ལོ་འབྲས་ལྗོངས་ཀྱི་མཚེའུ་ཞིག་ལུག་ནས་ཉུང་མཐར་ཡང་མི་༡༧༩་ལ་སྲོག་སྐྱོན་ཕོག ད་ཐེངས་ཀྱི་ཆུ་ལོག་གིས་ཀྱང་ཁང་པ་༥༠་ཙམ་ལ་གཏོར་བཤིག་བཏང་བ་དང་རྒྱ་ལམ་བསྣུབས་པ་རྣམས་ཞིག་གསོ་བྱ་རྒྱུར་ཡུན་རིང་འགོར་རྒྱུའི་ཚོད་དཔག་བྱས་འདུག

གླེང་སྟེགས།

XS
SM
MD
LG