ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཡེབ་གྷེ་ཎི་པ་རི་གྷོ་ཞིན་སུས་ལྐོག་གསོད་བྱས་མིན་ཐད་དོགས་སློང་། 


༄༅།། ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱི་གནམ་གྲུ་བརྡབ་སྐྱོན་བྱུང་། གནམ་གྲུ་དེའི་ནང་དུ་ལས་བྱེད་པ་༣་དང་འགྲུལ་པ་༧་བཅས་ཁྱོན་བསྡོམས་མི་༡༠་ཡོད་པ་དེ་དག་གི་མིང་ཐོའི་གྲས་སུ་པ་རི་གྷོ་ཞིན་འདུག་ཅེས་གནས་ཚུལ་ཐོན། ཁ་སང་གཟའ་ལྷག་པའི་ཉིན་པ་རི་གྷོ་ཞིན་གྱི་གནམ་གྲུ་བརྡབས་པའི་གསར་འགྱུར་ཐོན་ནས་བཟུང་། ཉམས་ཞིབ་པ་ཚོས་གནམ་གྲུ་དེ་ངོ་མར་བརྡབས་པ་ཡིན་ནམ། གལ་སྲིད་གནམ་གྲུ་དེར་བརྡབ་སྐྱོན་བྱུང་བ་མིན་ན་པ་རི་གྷོ་ཞིན་གསོད་ཐབས་སུ་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་བཏང་བ་ཡིན་ནམ། པ་རི་གྷོ་ཞིན་བསད་པ་དེའི་རྒྱབ་ཏུ་སྲིད་འཛིན་ཕུ་ཊིན་ཡོད་མེད། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱིས་གནམ་གྲུ་དེར་གཏོར་བཤིག་བཏང་ནས་པ་རི་གྷོ་ཞིན་བསད་པ་ཡིན་མིན་གྱི་དོགས་སློང་སྣ་ཚོགས་ཤིག་བྱེད་འགོ་ཚུགས། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་གནམ་གྲུ་དེ་རྒྱལ་ས་མོ་སི་ཀོ་ནས་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་འཕུར་གྱི་ཡོད་པ་རེད། ཊེ་ཝར་ས་གནས་ཀྱི་ཀུ་ཞེན་ཀི་ནོ་གྲོང་གསེབ་དུ་གནམ་གྲུ་སར་ལྷུང་སྟེ་བརྡབས་སྐྱོན་ཕོག་འདུག ཨུ་རུ་སུའི་གཞུང་གིས་གནམ་གྲུ་བརྡབ་སྐྱོན་དེར་ཞིབ་འཇུག་བྱེད་བཞིན་ཡོད། གནམ་གྲུའི་ནང་གི་མི་ཚང་མ་བསད་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༨་པའི་ཚེས་༢༤་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་ཨུ་རུ་སུའི་གཞུང་གཉེར་ཊ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། གནམ་གྲུ་བརྡབ་སྐྱོན་བྱུང་ནས་བསད་པ་དེ་དག་གི་གྲས་སུ་ཝ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་གཞོན་པ་ཌི་མཱི་ཊི་རི་ཨུ་ཏ་ཀིན་ཡང་ཡོད་ཅིང་། ཝ་གྷ་ནར་གླས་དམག་ཚོགས་པར་འབྲེལ་བ་ཡོད་པའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཨུ་རུ་སུའི་རྒྱལ་ཚོང་བ་ཚོས་པ་རི་གྷོ་ཞིན་བསད་པ་རེད་ཅེས་གནས་ཚུལ་སྤེལ། ཨ་རིའི་ཌི་ཡུག་སློབ་གྲྭ་ཆེན་མོའི་སྤྱི་དམངས་སྲིད་ཇུས་དང་ཨུ་རུ་སུ་དམར་ཤོག་གི་བྱུང་རབས་ཉམས་ཞིབ་པ་སེ་མོན་མ་ཡེལ་སི་ཡིས་གཟའ་ལྷག་པའི་ཉིན་གནམ་གྲུ་བརྡབས་ནས་པ་རི་གྷོ་ཞིན་བསད་པ་དེ་ཕུ་ཊིན་གྱིས་བཀའ་བཏང་ནས་ལྐོག་གསོད་བྱེད་དུ་བཅུག་པ་རེད་ཅེས་འགྲེལ་བཤད་བརྒྱབ་ན་གནས་ལུགས་ལ་ཡོངས་སུ་མཐུན་པ་ཞིག་རེད་ཅེས་བཀྲལ། ཉམས་ཞིབ་པ་ཕལ་ཆེ་བས་ཁ་སྔོན་ཕྱི་ཟླ་༦་པའི་ནང་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་སྲིད་འཛིན་ཕུ་ཊིན་ལ་གྱེན་ལོག་བྱས་ཡོད་པ་པ་རེད། དེས་ན་པ་རི་གྷོ་ཞིན་ལྐོག་གསོད་བྱས་པ་གནམ་གྲུ་བརྡབས་ནས་ཤི་བ་རེད་ཅེས་འགྲེལ་བཤད་བརྒྱབ་ན་སྟབས་བདེ་པོ་ཡོད་རེད་ཅེས་བཀྲལ།།

ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན།
ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན།

ཚོང་ལས་ནང་ཚགས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་ནི་རང་ལ་བློ་ལོག་པ་རྣམས་ནམ་ཡང་གུ་ཡངས་མི་གཏོང་བའི་མི་ཞིག་ཡིན་ཞིང་། ཨ་རིའི་ཁེ་ལི་ཧྥོར་ཎི་ཡའི་ལྷོ་ཕྱོགས་སློབ་གྲྭ་ཆེན་མོའི་ཨུ་རུ་སུ་དང་ཨུ་རུ་སུ་དམར་ཤོག ཤར་ཡུ་རོབ་ཀྱི་ཞིབ་འཇུག་སློབ་དཔོན་རོ་བྷར་ཊི་ཨིན་ལི་ཤིས་ཕུ་ཊིན་གྱིས་དགྲ་ཤ་བླངས་པ་རེད་ཟེར་ན་ཤིན་ཏུ་འཚམས། ང་ཚོ་ཕུ་ཊིན་ལ་ཉམས་ཞིབ་བྱེད་མཁན་ཚོས་དེ་རིང་བྱུང་བ་དེ་འདྲ་ཞིག་འབྱུང་གི་རེད་ཅེས་སྔོན་ནས་ཚོད་དཔག་བྱས་ཡོད། ཝ་གྷ་ནར་གླས་དམག་ཚོགས་པས་གྱེན་ལོག་བྱུང་སྟེ་ཟླ་བ་གཉིས་ཏག་ཏག་ཕྱིན་པའི་སྐབས་སུ་གནམ་གྲུ་བརྡབས་པ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཕུ་ཊིན་ལ་གྱེན་ལོག་བྱུང་བའི་རྗེས་སུ་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་ཁག་དང་མཁས་པ་ཚོས་པ་རི་གྷོ་ཞིན་ཡུན་རིང་འཚོ་གནས་མི་ཐུབ་པའི་རྩིས་བརྒྱབ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཡིས་པ་རི་གྷོ་ཞིན་གནས་སྐབས་རིང་ཚེ་ཐར་དུ་བཏང་བ་ལོས་ཡིན། ངས་ཕུ་ཊིན་གྱིས་ཧོལ་རྒྱུག་མི་བྱེད་པར་བསམ་བློ་གཟབ་ནན་བཏང་སྟེ་འཆར་གཞི་བཀོད་ནས་པ་རི་གྷོ་ཞིན་ལ་དགྲ་ཤ་ལེན་རྒྱུ་རེད་བསམས། གལ་སྲིད་པ་རི་གྷོ་ཞིན་ཚེ་ཐར་བཏང་ན་ང་ནི་དེ་ལ་ཧང་སང་ས་རེད་ཅེས་གཏམ་བཤད་བྱས་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཡི་
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཡི་

པ་རི་གྷོ་ཞིན་གྱིས་ཡུད་ཙམ་རིང་གྱེན་ལོག་བྱས་ནས་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཇཱི་ར་སི་མོབ་གཉིས་མགོ་རྟིང་སློབ་ཐུབ་མེད་ཀྱང་ཕུ་ཊིན་གྱིས་ལོ་༢༣་ལ་སྲིད་དབང་བཟུང་བའི་རིང་དེར་བྱུང་མྱོང་མེད་པའི་གྱེན་ལོག་ཞིག་བྱུང་། པ་རི་གྷོ་ཞིན་ལ་ཨུ་རུ་སུའི་དམག་དཔོན་ཚོའི་གྲས་སུ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་མ་ཟད། ཨུ་རུ་སུའི་མི་རིགས་རིང་ལུགས་པ་ཚོས་ཀྱང་རྒྱབ་སྐྱོར་ཐོབ། དེར་བརྟེན་སྐབས་དེར་ཕུ་ཊིན་གྱིས་པ་རི་གྷོ་ཞོན་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སིར་རྒྱང་ཕུད་བཏང་བ་ལས་འཛིན་བཟུང་བཙོན་དུ་འཇུག་མ་ཕོད། པ་རི་གྷོ་ཞིན་ཉིན་ཤས་རིང་བྷེ་ལོ་རུ་སིའི་ས་ཐོག་ཏུ་བསྡད་པའི་རྗེས་སུ་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་ལོག ཨུ་རུ་སུའི་བདེ་འཇགས་མི་སྣ་ཚོས་པ་རི་གྷོ་ཞིན་གྱི་ཁྱིམ་ལ་སྔོག་བཤེར་བྱས་ནས་གསེར་དང་དངུལ་སྒོར། མཚོན་ཆ་དང་མདེའུ་སོགས་གཞུང་བཞེས་བྱས་པ་རྣམས་ཕྱིར་སློག་བྱས། ཉེ་ཆར་ཕུ་ཊིན་གྱི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཚོགས་འདུར་བསྐོངས་ནས་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་པ་རི་གྷོ་ཞིན་གྱིས་ཀྱང་ཨ་ཧྥ་རི་ཀའི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་འདུག

ཁ་སྔོན་གྱེན་ལོག་བྱུང་བའི་སྐབས་ཀྱི་གསར་འགྱུར་དེར་ཁ་གསབ་བྱས་པ་ཞིག་པ་རི་གྷོ་ཞིན་གྱི་གནམ་གྲུ་བརྡབ་སྐྱོན་བྱུང་བའི་རྗེས་སུ་སྤྱི་ཚོགས་དྲྭ་ལམ་དུ་བཀྲམ། གསར་འགྱུར་དེའི་ནང་དུ་ཕུ་ཊིན་གྱིས་པ་རི་གྷོ་ཞིན་ནི་མི་ཁྲེལ་མེད་ཅིག་རེད་ཅེས་གཤེས། གསར་འགོད་པས་ཕུ་ཊིན་ལ་ཁྱེད་རང་གི་བཟོད་ཡངས་བྱ་དགོས་པ་མིན་ནམ་ཞེས་དྲིས། ཕུ་ཊིན་གྱིས་བཟོད་ཡངས་བྱ་དགོས་ཀྱང་ཐམས་ཅད་ལ་བཟོད་ཡངས་བྱ་དགོས་དོན་མེད་ཅེས་ལན་གླན། གསར་འགོད་པས་ཅི་ཞིག་ལ་བཟོད་ཡངས་བྱ་མི་ཐུབ་ཅེས་བསྐྱར་དུ་དྲིས། ཕུ་ཊིན་གྱིས་ཐེ་ཚོམ་མེད་པར་རྒྱབ་གཏོད་ལ་བཟོད་ཡངས་བྱེད་མི་ཐུབ་ཅེས་ལན་བསློགས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རང་གི་དགྲ་བོ་རྣམས་གར་སོང་ཆ་མེད་དུ་བཏང་བའི་ལོ་རྒྱུས་མང་དུ་མཆིས། ཕུ་ཊིན་གྱི་སྲིད་དབང་བཟུང་བའི་རྗེས་སུ་གཞུང་གི་ལས་སྣེ་༡༤་དམར་གསོད་བྱས་པའམ། ཡང་ན་རྒྱུ་རྐྱེན་ཁྱད་མཚར་གྱི་འོག་ཏུ་བཀུམས། སྲིད་འཛིན་བྷ་ཌན་གྱིས་གནམ་གྲུ་བརྡབ་སྐྱོན་གྱི་རྒྱབ་ཏུ་ཕུ་ཊིན་ཡོད་སྲིད། ཨུ་རུ་སུའི་ནང་དུ་ཅི་ཞིག་བྱུང་ཡང་དེ་ལ་ཕུ་ཊིན་འབྲེལ་བ་མེད་པ་ཧ་ལམ་དཀོན་པོ་རེད་ཅེས་བསྟན།།

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་སྐུ་ངོ་ཇཱོན་ས་ཝེར་སི་
དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་སྐུ་ངོ་ཇཱོན་ས་ཝེར་སི་

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་སྐུ་ངོ་ཇཱོན་ས་ཝེར་སི་ཡང་སྲིད་འཛིན་བྷ་ཌན་གྱི་ལྟ་ཚུལ་དེར་འཐད། ཁོང་གིས་གཟའ་ཕུར་བུའི་ཉིན་བྷི་བྷི་སི་གསར་ཁང་གི་རླུང་འཕྲིན་༤་པའི་ལས་རིམ་ནང་དུ་ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་ཁག་ཏུ་ཅི་ཞིག་བྱུང་ཡང་གསལ་པོ་ཞིག་གཏན་ནས་ཤེས་ཐབས་བྲལ། ཡིན་ནའང་ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་ཕུ་ཊིན་གྱིས་པ་རི་གྷོ་ཞིན་མེད་པར་བཏང་བ་ཧ་ཅང་གསལ་པོ་རེད། ཕུ་ཊིན་གྱིས་སླར་ཡང་སྲིད་དབང་སྲ་བརྟན་བཏང་འདུག་ཅེས་སྨྲས། ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་ནང་འཁོར་ཚོས་ཀྱང་ཨུ་རུ་སུའི་རང་བཙན་གྱི་གསར་འགྱུར་ལས་ཁང་མེ་རྡུ་ཛའི་གསར་འགོད་པ་ཚོར་ང་ཚོས་པ་རི་གྷོ་ཞིན་གྱི་གནམ་གྲུ་བརྡབ་སྐྱོན་བྱུང་བའི་གསར་འགྱུར་མཐོང་བར་ཧང་སང་མ་སོང་། ཁོ་པས་གྱེན་ལོག་བྱས་པའི་རྗེས་སུ་མཇུག་འབྲས་ངན་པ་ཞིག་སྨིན་རྒྱུའི་དོགས་ཡོད། བློ་ལོག་དང་ཁྲེལ་མེད་བྱེད་མཁན་ཚོར་ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ནང་དུ་ནམ་ཡང་གུ་ཡངས་གཏོང་སྲོལ་ཡོད་པ་མ་རེད་ཅེས་བཤད་འདུག

ཕྱི་ཟླ་༨་པའི་ཚེས་༢༤་ཉིན་དབྱིན་ཇིའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཟླ་༨་པའི་ཚེས་༢༤་ནི་ཡུཀ་རེན་གྱི་རང་བཙན་ཉིན་མོ་རེད། རང་བཙན་དུས་ཆེན་ཉིན་སྲིད་འཛིན་ཛེ་ལན་སི་ཀིར་ལེགས་སྐྱེས་ཀྱི་ཚུལ་དུ་ཡུཀ་རེན་གྱི་གསང་བའི་མི་སྣ་ཚོས་པ་རི་གྷོ་ཞིན་བསད་པའི་གླེང་སློང་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ།

ཕུ་ཊིན་གྱི་རྒྱབ་སྐྱོར་བ་དང་སློབ་སྟོན་པ་ཟུར་པ་སར་གེ་མར་ཀོབ་
ཕུ་ཊིན་གྱི་རྒྱབ་སྐྱོར་བ་དང་སློབ་སྟོན་པ་ཟུར་པ་སར་གེ་མར་ཀོབ་

ཕུ་ཊིན་གྱི་རྒྱབ་སྐྱོར་བ་དང་སློབ་སྟོན་པ་ཟུར་པ་སར་གེ་མར་ཀོབ་ཀྱིས་གཟའ་ལྷག་པའི་དགོང་མོར་བྷི་བྷི་གསར་ཁང་གི་རླུང་འཕྲིན་༤་པའི་ལས་རིམ་ནང་དུ་པ་རི་གྷོ་ཞིན་ནི་བརྒྱ་ཆ་བརྒྱ་ཐམ་པ་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱིས་བསད་པ་རེད། ཁོ་པ་ཨུ་རུ་སུའི་དཔའ་རྒོད་ཅིག་ཡིན་པ་དང་ཡུཀ་རེན་གྱི་གསོད་ཐུབ་ཡོད་པར་དགའ་སྟོན་བྱེད་ཀྱི་ཡོད་ཤས་ཆེ། ང་ལ་པ་རི་གྷོ་ཞིན་ཡུཀ་རེན་གྱིས་བསད་པའི་དཔང་རྟགས་གསལ་པོ་ཡོད་ཅེས་བཤད་ཀྱང་སྟོན་རྒྱུ་མ་རྙེད། གལ་སྲིད་ཡུཀ་རེན་གྱིས་པ་རི་གྷོ་ཞིན་བསད་མེད་ན་ཕུ་ཊིན་གྱིས་གསོད་བྱ་དགོས་པའི་བཀའ་བཏང་ཡོད་པའི་དོགས་པ་མི་བྱེད་ཐབས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༨་པའི་ཚེས་༢༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་པ་རི་གྷོ་ཞིན་གྱི་གནམ་གྲུ་མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་འཕུར་བའི་དུས་སུ་གནམ་གྲུ་དེར་སྐྱོན་ཡོད་པའི་རྣམ་པ་ཅི་ཡང་མི་མངོན། གནམ་གྲུ་དེ་མཐའ་མཇུག་གི་སྐར་ཆ་འགའ་ཞིག་གི་ནང་དུ་སར་ལྷུང་། རེ་ཌར་རྟོག་ཞིབ་པ་ཨི་ཡན་པེ་ཆེ་ནིག་གིས་གནམ་གྲུ་དེ་སྐར་ཆ་༣༠་ཐམ་པའི་ནང་ཚུད་དུ་སར་ལྷུང་སོང་། གནམ་གྲུ་དེར་གློ་བུར་དུ་སྐྱོན་ཞུགས་པ་འདྲ་པོ་ཞིག་བྱུང་སོང་། གནམ་གྲུ་མ་ཟགས་གོང་དུ་སྐྱོན་ཡོད་པའི་རྟགས་མཚན་ཅི་ཡང་མི་འདུག ཁོ་ཚོས་གནམ་གྲུ་ཁ་ལོ་བསྒྱུར་རྒྱུའི་འབད་བརྩོན་བྱས་ཡོད་ངེས་ཀྱང་མ་ཐུབ་པ་འདྲ་ཞེས་བཤད། དབྱིན་ཇིའི་གཞུང་འབྲེལ་མི་སྣ་ཚོས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་པ་རི་གྷོ་ཞིན་གྱི་གནམ་གྲུ་བརྡབས་པ་དེར་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་FSB་འབྲེལ་བ་ཡོད་ངེས་རེད། པ་རི་གྷོ་ཞིན་སྲིད་འཛིན་ཕུ་ཊིན་ལ་བློ་ལོག་པར་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱིས་དགྲ་ལན་བསློགས་ནས་བསད་པར་སྣང་ཞེས་ནང་མོལ་བྱས་མོད། འོན་ཀྱང་དབྱིན་ཇིའི་གཞུང་འབྲེལ་མི་སྣ་དེས་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱིས་པ་རི་གྷོ་ཞིན་གྱི་གནམ་གྲུར་གཏོར་བརླག་ཇི་ལྟར་བྱས་མིན་ཞིབ་ཕྲ་ཁག་གསལ་བཀྲོལ་བྱས་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG