ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཡུཀ་རེན་གྱི་རྒོལ་རྡུང་བྱུང་སྟེ་ར་ཤི་ཡའི་ས་གནས་གཉིས་ཀྱི་མི་མང་རྣམས་བྲོས།


ཡུཀ་རེན་གྱི་རྒོལ་རྡུང་བྱུང་སྟེ་ར་ཤི་ཡའི་ས་གནས་གཉིས་ཀྱི་མི་མང་རྣམས་བྲོས།
ཡུཀ་རེན་གྱི་རྒོལ་རྡུང་བྱུང་སྟེ་ར་ཤི་ཡའི་ས་གནས་གཉིས་ཀྱི་མི་མང་རྣམས་བྲོས།

༄༅།། ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་ར་ཤི་ཡའི་མཐའ་མཚམས་ཀྱི་ས་གནས་གཉིས་ནས་ཞི་བའི་མི་སེར་རྣམས་ཉེན་བྱོལ་དུ་བྲོས། ཕྱི་ཟླ་༨་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཟླ་བའི་ཉིན་ར་ཤི་ཡའི་བྷེལ་གྷོ་རོ་ཌི་མངའ་ཁུལ་གྱི་སྤྱི་ཁྱབ་ཝི་ཡ་ཆེ་སི་ལཱབ་གྷ་ལོ་ཌི་ཀོབ་གྱིས་མཐའ་མཚམས་སུ་དགྲ་བོས་ཟིང་འཁྲུག་བསླངས་ཏེ་ཀ་ར་ས་ན་ཡ་ཡཱ་རུ་གྷ་རྫོང་གི་ཞི་བའི་མི་སེར་རྣམས་ཉེན་བྱོལ་དུ་འབྲོས་དགོས་བྱུང་སོང་། ང་ཚོས་མི་དམངས་རྣམས་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་ལེན་གྱི་ཡོད། ར་ཤི་ཡའི་དམག་གིས་ཅི་ཐུབ་ཀྱིས་ཉེན་ཁར་གདོང་ལེན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་ཡོད་ཅིང་། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཡུཀ་རེན་གྱི་དམག་གིས་ས་མཚམས་བརྒལ་ནས་ར་ཤི་ཡའི་ནུབ་ཕྱོགས་ཀྱི་ཀར་སི་ཀ་མངའ་ཁུལ་དུ་དཔུང་འཇུག་བྱས་ནས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༢་ཕྲོགས།།

ར་ཤི་ཡའི་བྷེལ་གྷོ་རོ་ཌི་མངའ་ཁུལ་གྱི་སྤྱི་ཁྱབ་ཝི་ཡ་ཆེ་སི་ལཱབ་གྷ་ལོ་ཌི་ཀོབ་
ར་ཤི་ཡའི་བྷེལ་གྷོ་རོ་ཌི་མངའ་ཁུལ་གྱི་སྤྱི་ཁྱབ་ཝི་ཡ་ཆེ་སི་ལཱབ་གྷ་ལོ་ཌི་ཀོབ་

ར་ཤི་ཡའི་རྒྱལ་སྲུང་ལྷན་ཁང་གིས་མདང་དགོང་ཀར་སི་ཀ་ས་གནས་ཀྱི་བར་སྣང་དུ་ཁ་ལོ་བ་མེད་པའི་འཕུར་གྲུ་༡༡་དང་བྷེལ་གྷོ་རོ་ཌི་ས་གནས་ཀྱི་བར་སྣང་དུ་འཕུར་གྲུ་ལྔ། ཝོ་རོ་ནེ་ཞི་ས་གནས་ཀྱི་བར་སྣང་དུ་འཕུར་གྲུ་༢་བཅས་ཁྱོན་བསྡོམས་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་༡༨་བར་སྣང་དུ་གཏོར་བ་ཡིན། དེ་བཞིན་ཡུཀ་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར་མང་པོ་གཏོར་ཡོད། ར་ཤི་ཡའི་ས་ཐོག་ཏུ་དཔུང་འཇུག་བྱས་པའི་ཡུཀ་རེན་གྱི་དམག་མི་རྣམས་མཐར་སྐྲོད་བཏང་ཡོད་ཅེས་བསྒྲགས། ཡིན་ནའང་ར་ཤི་ཡའི་དམག་མི་༣༠༠་ལྷག་གིས་ཡུཀ་རེན་ལ་མགོ་སྒུར་བ་དང་ར་ཤི་ཡའི་དམག་གི་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ་ཧང་ཅང་མང་པོ་གཏོར་ཡོད་པ་རྣམས་གསངས། ཀར་སི་ཀ་མངའ་ཁུལ་དུ་དཔུང་འཇུག་བྱས་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ཏུ་ར་ཤི་ཡའི་ས་ཐོག་ཏུ་ཕྱི་དམག་གིས་དཔུང་འཇུག་བྱུང་བ་ཐེངས་དང་པོར་གྱུར།།

ར་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་
ར་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་

ར་ཤི་ཡའི་དམག་འཁྲུག་དྲྭ་ལམ་གསར་འགོད་པ་ཞིག་ནས་ཡུཀ་རེན་གྱི་དམག་གིས་ཀར་སི་ཀ་མངའ་ཁུལ་གྱི་སུ་ཌི་ཞཱ་ས་གནས་མཐའ་སྐོར་ཐབས་བྱེད་ཀྱི་འདུག སུ་ཌི་ཞཱ་ནས་ར་ཤི་ཡའི་རང་བྱུང་སོལ་རླངས་ཡུཀ་རེན་ལ་འདྲེན་གཏོང་བྱེད་ཀྱི་ཡོད་པ་རེད། ར་ཤི་ཡའི་ས་མཚམས་ནས་སྤྱི་ལེ་༢༢་ཀྱི་མཚམས་སུ་ཆགས་པའི་ཀོ་རེ་ནེ་ཝོ་ས་གནས་སུ་འཐབ་འཁྲུག་དྲག་པོ་རྒྱག་གི་འདུག་ཅེས་གསར་འགྱུར་སྤེལ། གཟའ་མཇུག་དེར་ཡུཀ་རེན་གྱིས་འཕུར་མདེལ་འཕངས་ནས་ཀར་སི་ཀ་ས་གནས་ཀྱི་མི་༡༣་ལ་རྨས་སྐྱོན་ཕོག ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱིས་རྒོལ་རྡུང་མ་བྱས་གོང་དུ་ང་ཚོར་ཅི་ཡང་བཤད་མ་བྱུང་ཞེས་ཁས་མ་བླངས། ར་ཤི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་ང་ཚོས་ཡུན་རིང་མི་འགོར་བར་རྒོལ་ལན་དྲག་པོ་སློང་རྒྱུ་ཡིན། དཔུང་འཇུག་འདིར་ཡུཀ་རེན་དང་ཕྱི་རྒྱལ་བ་ཚོ་ལག་འབྲེལ་བྱས་ནས་འཆར་འགོད་དང་ལག་བསྟར་བྱས་པ་དེར་དོགས་པ་བྱེད་མི་དགོས་པ་ཞིག་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཉམས་ཞིབ་པ་ཚོས་ཡུཀ་རེན་གྱིས་ར་ཤི་ཡའི་མངའ་ཁོངས་སུ་དཔུང་འཇུག་བྱས་དོན་དེར་རྒྱུ་མཚན་གཉིས་འདུག གཅིག་ནི་ཡུཀ་རེན་གྱི་ཤར་ཕྱོགས་སུ་ར་ཤི་ཡའི་དམག་གིས་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་དྲགས་ནས་སྣ་མ་བརྟེན། ཡུཀ་རེན་གྱིས་ར་ཤི་ཡའི་ནུབ་ཕྱོགས་སུ་དཔུང་འཇུག་བྱས་ནས་ཤར་ཕྱོགས་ཀྱི་ཌོ་ནེ་ཛིཀ་མངའ་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་དུ་འཇུག་རྒྱུའི་ཐབས་ཇུས་ཡིན་སྲིད། གཉིས་པ་ནི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་ལ་རྒྱལ་ཁ་ཐོབ། ཊམ་གྱིས་ད་ལྟའི་ས་མཚམས་ལྟར་ཡུཀ་རེན་དང་ར་ཤི་ཡའི་དམག་འཁྲུག་མཚམས་འཇོག་བྱ་དགོས། ཡུཀ་རེན་གྱིས་མ་མཉན་ན་ཨ་མི་རི་ཀས་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་གནོན་ཤུགས་སྤྲོད་ཤས་ཆེ། དེས་ན་ཡུཀ་རེན་གྱིས་སྔོན་ནས་ར་ཤི་ཡའི་ས་ཆ་རྒྱ་ཆེན་པོ་ཞིག་བླངས་ཏེ་ཕྱིས་སུ་གྲོས་མོལ་བྱེད་པའི་དུས་སུ་གཏམ་རྒྱུ་ཡོད་པ་ཞིག་བྱ་རྒྱུའི་ཐབས་ཇུས་འཛིན་གྱི་འདུག་ཅེས་བསྟན། ༢༠༢༢་ལོའི་བཙན་འཛུལ་རྗེས་སུ་ཡུཀ་རེན་གྱི་ས་ཆ་བརྒྱ་ཆ་༡༨་ར་ཤི་ཡར་ཤོར།།

སྲིད་འཛིན་ཛེ་ལན་སི་ཀིས་
སྲིད་འཛིན་ཛེ་ལན་སི་ཀིས་

ཕྱི་ཟླ་༨་པའི་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་གཟའ་སྤེན་པའི་དགོང་མོར་དམག་འཁྲུག་དེ་བཙན་འཛུལ་བའི་ས་ཐོག་ཏུ་བསླངས་ཡོད། ཁོ་ཚོས་ཀྱང་དམག་འཁྲུག་གི་གདུག་རྩུབ་ཀྱི་བྲོ་བ་ཞིག་མྱོང་ན་ལེགས། ཡུཀ་རེན་གྱིས་བཙན་འཛུལ་བར་དགྲ་ལན་ཇི་ལྟར་སློག་དགོས་པ་དང་གང་དུ་གནོན་ཤུགས་སྤྲོད་དགོས་པ་གསལ་པོར་ཤེས་ཀྱི་ཡོད། ཡུཀ་རེན་གྱི་དཔུང་སྡེ་ཁག་གིས་ཕར་རྒོལ་བྱས་པར་རྗེས་སུ་ཡི་རང་ཡོད་ཅེས་བསྔགས་བརྗོད་ཞུས། གཟའ་ཉི་མའི་ཉིན་ར་ཤི་ཡའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་ས་མཚམས་ནས་སྤྱི་ལེ་༢༥་ཡི་མཚམས་སུ་ཆགས་པའི་ཊོལ་ཕི་ནོ་དང་ཞཱུ་རབ་ལི། ཨོབ་ཤ་ཆི་དང་ཀོ་ལོ་ཌེ་ཛི་ས་གནས་བཞི་རུ་ཡུཀ་རེན་གྱི་དམག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཟེར། ར་ཤི་ཡའི་གཞུང་གཉེར་བརྙན་འཕྲིན་ཁང་གིས་ཀར་སི་ཀ་གྲོང་ཁྱེར་དུ་མཐའ་མཚམས་ནས་ཉེན་བྱོལ་དུ་འབྱོར་བའི་མི་མང་གནས་སྡོད་བྱ་ཡུལ་གཞིས་སྒར་༢༠་ལྷག་གྲ་སྒྲིག་བྱས་འདུག་ཅེས་གསར་འགྱུར་སྤེལ།།

གཟའ་སྤེན་པའི་ཉིན་བྷེ་ལོ་རུ་སིའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་ཁ་སྣོན་བཏང་ཡོད། ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བྷེ་ལོ་རུ་སིའི་མཁའ་དབྱིངས་བརྒྱུད་ནས་བཏང་སྟེ་ར་ཤི་ཡའི་ཀར་སི་ཀ་མངའ་ཁུལ་དུ་རྒོལ་རྡུང་བྱེད་ཀྱི་འདུག དེ་ནི་བྷེ་ལོ་རུ་སིའི་མཁའ་དབྱངས་མངའ་ཁོངས་སུ་དཔུང་འཛུལ་བྱས་པ་ཞིག་རེད་ཅེས་ངོ་རྒོལ་བྱས་འདུག སྲིད་འཛིན་ཨ་ལིཀ་ཛན་ཟར་ལུ་ཁ་ཤན་ཀོས་ང་ཚོའི་དམག་གིས་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་བཅུ་ཕྲག་འགའ་ཞིག་མོ་གྷི་ལིབ་ས་གནས་ཀྱི་མཁའ་དབྱིངས་སུ་གཏོར་ཡོད། ཡུཀ་རེན་གྱིས་བྷེ་ལོ་རུ་སིའི་མངའ་ཁོངས་སུ་དཔུང་འཛུལ་བྱས་ནས་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་བཀྲལ། ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་སྐུལ་ལྕག་བཏང་སྟེ་བྷེ་ལོ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྱང་ཕྱོགས་སུ་འཁྲུག་རྩོད་སློང་དུ་བཅུག དེ་ལྟར་བྱུང་ན་ཡུཀ་རེན་གྱི་དམག་དཔུང་ར་ཤི་ཡའི་ས་ཁོངས་ནས་ཕྱིར་འཐེན་བྱ་དགོས་འབྱུང་སྲིད་པའི་རྩིས་རྒྱག་གི་ཡོད་པ་རེད་ཅེས་གླེང་།།

སྲིད་འཛིན་ཨ་ལིཀ་ཛན་ཟར་ལུ་ཁ་ཤན་ཀོས་
སྲིད་འཛིན་ཨ་ལིཀ་ཛན་ཟར་ལུ་ཁ་ཤན་ཀོས་

ཕྱི་ཟླ་༨་པའི་ཚེས་༡༡་ཉིན་ཨེ་ཊི་ལན་ཊིཀ་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ས་ཐོག་ཏུ་དཔུང་འཇུག་བྱས་པའི་དགོས་དོན་གཙོ་བོ་ཅི་ཡིན་གསལ་བཀྲོལ་བྱས་མེད་མོད། འོན་ཀྱང་དཔུང་འཇུག་དེ་ལོ་༢་དང་ཕྱེད་ཀ་ལྷག་གི་དམག་འཁྲུག་ནང་དུ་ར་ཤི་ཡའི་ས་ཐོག་ཏུ་དཔུང་འཇུག་བྱས་པ་ཐེངས་དང་པོ་རེད། ཕུ་ཊིན་གྱིས་ཚད་ཐིག་དམར་པོ་བརྒལ་མི་ཆོག་ཅེས་སྡིགས་ར་བསྐུལ། ནུབ་ཕྱོགས་རྒྱལ་ཁབ་ཁག་དེ་ལ་སྐྲག་གི་ཡོད་པར་ཉམས་ཚོད་ཆེན་པོ་ཞིག་བླངས་པ་རེད། ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ས་ཐོག་ཏུ་དཔུང་འཇུག་བྱ་རྒྱུ་ཟླ་བ་མང་པོར་གསང་བ་བྱས་ནས་ཇུས་གཤོམ་བྱས་པར་སྣང་། ར་ཤི་ཡའང་ལྷོད་ཡེངས་ཤོར་ནས་ཀར་སི་ཀ་མངའ་ཁུལ་དུ་དཔུང་འཇུག་འབྱུང་རྒྱུ་སྔོན་དཔག་མ་ཐུབ་པ་འདྲ། ཡུཀ་རེན་གྱི་དཔུང་འཇུག་གིས་ཕ་རོལ་པོ་དཔའ་བཅོམ། ཀར་སི་ཀའི་ཉེ་འཁྲིས་ཀྱི་ས་གནས་ཁག་ཏུའང་ཞི་བདེ་བརྟན་ལྷིང་མེད་པར་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་ཊི་ལན་ཊིཀ་ཞིབ་འཇུག་ཁང་གིས་ར་ཤི་ཡར་མི་འབོར་མང་བ་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ། མཚོན་ཆ་ཡག་པོ་ཡོད་པ་བཅས་ཀྱིས་དམག་འཁྲུག་བརྒྱབ་ནས་གླེགས་མི་རྙེད། ཡུཀ་རེན་གྱིས་འཇབ་དམག་བརྒྱབ་ནས་ར་ཤི་ཡར་ཕ་རྒོལ་དང་ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་བསྐྱལ། ཡུཀ་རེན་གྱི་རྒྱལ་ནང་དུའང་མི་དམངས་ལ་དཔའ་སྟོབས་རྒྱས། དམག་འཁྲུག་གི་གཏོར་བཤིག་ཚབས་ཆེན་ཕོག་པའི་རྒྱལ་ཁབ་ཅིག་གིས་ར་ཤི་ཡར་ཕར་རྒོལ་བྱས་ནས་རྒྱལ་ཁ་ཆེན་པོ་ལེན་ཐུབ་ཀྱི་འདུག་ཅེས་བློ་མི་ཞུམ་པའི་ཕན་ཐོགས་བྱུང་། ཡུཀ་རེན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཀར་ཀ་སི་ས་གནས་ཀྱི་རྡུལ་ཕྲན་གློག་ཁང་དང་ལྷོ་ཕྱོགས་ཀྱི་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་། ར་ཤི་ཡ་དང་ཡུཀ་རེན་གཉིས་ཀྱིས་བཙན་བཟུང་བྱས་པའི་ས་ཆ་རྣམས་ཕར་སྤྲོད་ཚུར་ལེན་བྱས་ནས་ཞི་བའི་གྲོས་མོལ་གྱི་སྟ་གོན་བྱེད་ཀྱི་ཡོད་པ་འདྲ་ཞེས་གསར་འགྱུར་སྤེལ་འདུག

གླེང་སྟེགས།

XS
SM
MD
LG