༄༅།། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་རྒྱུན་བསྲིང་རྒྱུ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་ཡི་ཐང་ཆད། མཐར་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁ་འཐོབ་རྒྱུའི་ཁོག་རྩིས་རྒྱག་གི་ཡོད་ཅིང་། ཕུ་ཊིན་གྱི་ཁོག་རྩིས་དེ་ཨུ་རུ་སུར་བརྟན་ལྷིང་མེད་པའི་གཞི་རུ་འགྱུར་སྲིད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༢༨་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོ་དང་གླས་དམག་གི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱི་བར་དུ་འགལ་ཟླ་ཆེན་པོ་ལངས་། ཉེ་ཆར་གཟའ་མཇུག་དེར་ཝེ་གྷ་ནར་གླས་དམག་ཚོགས་པས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གྱེན་ལོག་བྱས་ཏེ་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཕྲད། ཕུ་ཊིན་ནས་གཟའ་སྤེན་པའི་ཉིན་གྱི་གྱེན་ལོག་དེ་༡༩༡༧་ལོར་ཨུ་རུ་སུའི་གོང་མའི་གཞུང་ལ་ངོ་ལོག་བྱུང་སྟེ་དམར་ཤོག་གི་གསར་བརྗེ་ལངས་པ་དང་འདྲ་མཚུངས་ཀྱི་ཉེན་ཁ་ཞིག་ཕྲད་པ་རེད་ཅེས་དཔེ་རུ་བཀོད།།
ཕུ་ཊིན་གྱིས་ཨུ་རུ་སུའི་ནང་དུ་ལྐོག་གཡོ་ངན་ཇུས་དང་ནང་འཛིང་། དམག་དཔུང་གི་རྒྱབ་ལོགས་སུ་ཆབ་སྲིད་འཁྲབ་སྟེ་རྒྱལ་ཁབ་ཟིང་ཆའི་ཀློང་དུ་ལྷུང་། དམག་དཔུང་རྩ་མེད་དང་རྒྱལ་ཁབ་རྩ་གཏོར་གཏོང་རྒྱུའི་ངན་ཇུས་བཤམས་པ་རེད། ང་ཚོར་ཨུ་རུ་སུའི་མཐའ་མཇུག་གི་གོང་མ་ཎི་ཀོ་ལ་སི་གཉིས་པར་(Czr Nicholas II)་བྱུང་བ་ལྟར་འབྱུང་དུ་འཇུག་རྒྱུ་མིན་ཞེས་དཔའ་སྐད་འཐེན། ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་གི་གྱེན་ལོག་ལ་དྲག་གནོན་བྱེད་མ་ཐུབ་པར་དབང་ཐང་ཉམས། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་རྒྱལ་ས་མོ་སི་ཀོའི་ཕྱོགས་སུ་དཔུང་སྐྱོད་བྱས་ཀྱང་ཨུ་རུ་སུའི་དམག་གིས་ཟུར་དུ་ལྟད་མོར་བལྟས་ནས་བསྡད། བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོས་བར་འདུམ་བྱས་ནས་གྱེན་ལོག་མཚམས་འཇོག་བྱ་ཐུབ་པ་ཞིག་བྱུང་ཞིང་། གཟའ་མིག་དམར་ཉིན་ཨུ་རུ་སུའི་གཞུང་གིས་ཝེ་གྷ་ནར་གླས་དམག་ལ་བཀྲམ་པའི་མཚོན་ཆ་རྣམས་ཕྱིར་བསྡུ་དང་དམག་གི་སྒྲིག་འཛུགས་དེ་མེད་པར་གཏོང་རྒྱུ། ཨུ་རུ་སུའི་རྒྱལ་ཡོངས་ཡུལ་སྲུང་དམག་ལ་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས་སོགས་མཚོན་ཆ་འགྲེམ་རྒྱུ་ཡིན་ཞེས་རྒྱལ་ནང་གི་སྲུང་སྐྱོབ་དམ་དུ་གཏོང་རྒྱུའི་ཐག་བཅད།།
ཕུ་ཊིན་གྱིས་ནུབ་ཕྱོགས་པའི་དམངས་གཙོའི་རྒྱལ་ཁབ་ཁག་ཁ་འཆམ་གྲོས་འགྲིག་ཡོང་མི་ཐུབ། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འགྲོ་གྲོན་ནར་གཏོང་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་རྩིས་བརྒྱབ། ད་སྔ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་དང་དཔལ་འབྱོར་རོགས་རམ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མུ་མཐུད་དུ་སྤྲད། ཨུ་རུ་སུའི་གཞུང་གིས་ཚོད་དཔག་བྱས་པ་ལྟར་ཡུཀ་རེན་ལ་རོགས་སྐྱོར་མཚམས་མ་ཆད། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་གཅིག་པུའི་རང་བྱུང་སོལ་རླངས་དང་རྡོ་སྣུམ་ལ་བརྟེན་དགོས་ན་ཉེན་ཁ་ཆེན་པོ་ཡིན་པའང་ངོས་ཟིན། ཁོ་ཚོས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་དང་ཡུཀ་རེན་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བཙུགས། ཧྥ་རན་སིའི་འཐབ་ཇུས་ཞིབ་འཇུག་ཐེབས་རྩ་ཁང་གི་ལས་སྣེ་ཟུར་པ་ཧྥང་སི་བ་ཧེ་སི་བྷོག་གིས་ཕུ་ཊིན་ནས་༢༠༢༤་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་བར་དུ་དམག་འཁྲུག་ཡུན་བསྲིང་ཐབས་བྱེད་ཀྱི་འདུག འོན་ཀྱང་གཟའ་སྤེན་པའི་གྱེན་ལོག་རྗེས་ནས་ཕུ་ཊིན་གྱི་སྲིད་དབང་ཡུན་དུ་བརྟན་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་པ་རེད་ཅེས་བསྟན།།
ཕྱི་ཟླ་༦་པའི་ཚེས་༢༧་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་སྤྱི་སར་གྷེ་སུ་རོ་ཝི་ཀིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱ་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་འདུག་ཅེས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་སྙན་སེང་ཞུས། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་དཔོན་ཚོའི་གྲས་སུ་པ་རི་གྷོ་ཞིན་ལ་རྒྱབ་སྐྱོར་བྱེད་མཁན་ཅི་ཙམ་ཡོད་མེད་ཤེས་ཐབས་སུ་འབད། ཨ་རིའི་གསང་བའི་ལས་ཁུངས་ནས་ཡུཀ་རེན་གྱི་དམག་ས་ཁག་གི་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཟུར་པ་དམག་སྤྱི་སུ་རོ་ཝི་ཀིན་གྱིས་པ་རི་གྷོ་ཞིན་ལ་རྒྱབ་སྐྱོར་བྱས་ཡོད་མེད་རྩད་གཅོད་བྱེད་ཀྱི་ཡོད་ཅིང་། དམག་སྤྱི་སུ་རོ་ཝི་ཀིན་ནི་ཀུན་གྱིས་གོང་བཀུར་བྱ་ཡུལ་དམག་གི་འགོ་ཁྲིད་ཅིག་ཡིན་པར་མ་ཟད། ཨུ་རུ་སུའི་དམག་ས་ཁག་ཏུ་ཡུཀ་རེན་གྱི་དཔུང་འཇུག་ལ་འགོག་རྒོལ་བྱེད་མཁན་དམག་དཔོན་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཁོང་གིས་སྔ་ལོ་ཨུ་རུ་སུའི་དམག་དཔུང་རྣམས་ཌི་ནིབ་རོ་གཙང་པོའི་ཚུར་ཕྱོགས་སུ་འཐེན་དགོས་པའི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་འདུག
ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཟུར་པ་དང་ལས་ཐོག་འགའ་ཞིག་གིས་པ་རི་གྷོ་ཞིན་ལ་ཨུ་རུ་སུའི་དམག་སྤྱི་ཁག་གི་རྒྱབ་སྐྱོར་མེད་ཚེ། ཁོ་པས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོར་གྱེན་ལོག་བྱེད་ཕོད་ཀྱི་མ་རེད། གལ་སྲིད་དམག་སྤྱི་སུ་རོ་ཝི་ཀིན་བདུན་ཕྲག་སྔོན་མའི་གཟའ་མཇུག་གི་གྱེན་ལོག་ལ་དངོས་སུ་འབྲེལ་བ་ཡོད་ན་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཨུ་རུ་སུའི་དམག་གི་འགོ་ཁྲིད་ཚོའི་ནང་ཁུལ་དུ་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཐུབ། ཕུ་ཊིན་ནས་དམག་སྤྱི་སུ་རོ་ཝི་ཀིན་གྱིས་པ་རི་གྷོ་ཞིན་ལ་རྒྱབ་སྐྱོར་བྱས་ཡོད་པའི་ཡིད་ཆེས་བྱ་རྒྱུ་ཡིན་མིན། གལ་སྲིད་རྒྱབ་སྐྱོར་བྱས་ཡོད་༷པའི་ཡིད་ཆེས་བྱས་ན་དམག་སྤྱི་སུ་རོ་ཝི་ཀིན་ལ་ཅི་ཞིག་བྱ་རྒྱུ་ཡིན་མིན་ཐག་གཅོད་དགོས་པའི་དུས་སུ་བསླེབས་འདུག་ཅེས་བཀྲལ། གཟའ་མིག་དམར་ཉིན་ཨུ་རུ་སུའི་གསང་བའི་ལས་ཁུངས་ནས་པ་རི་གྷོ་ཞིན་དང་ཁོ་པའི་སྒེར་དམག་ལ་གྱེན་ལོག་གི་ནག་ཉེས་འཛུགས་རྒྱུ་མིན་ཞེས་བསྒྲགས།།
ཨ་རིའི་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་གིས་དམག་སྤྱི་སུ་རོ་ཝི་ཀིན་ནས་པ་རི་གྷོ་ཞིན་གྱི་གྱེན་ལོག་འཆར་གཞི་རྣམས་ཤེས་ཀྱང་དེ་ལ་ཐད་ཀར་རྒྱབ་སྐྱོར་བྱས་མེད་ན་ཕུ་ཊིན་གྱིས་གནས་སྐབས་རིང་རང་སོར་འཇོག་ཤས་ཆེ། ད་ལྟའི་ཆར་ཕུ་ཊིན་གྱིས་གྱེན་ལོག་གི་ནག་ཉེས་ཡོད་ཚད་པ་རི་གྷོ་ཞིན་ལ་གཡོགས་ནས་ཚིམས་པར་བྱེད་ཀྱི་འདུག ཕུ་ཊིན་གྱིས་མི་གཞན་པར་ནག་ཉེས་འགེལ་རྒྱུའི་འདོད་པ་མི་འདུག གསང་བའི་ལས་ཁུངས་ནས་དམག་སྤྱི་སུ་རོ་ཝི་ཀིན་གྱེན་ལོག་ལ་འབྲེལ་བ་ཡོད་པའི་ཁུངས་སྐྱེལ་ཐུབ་ན་ཕྱིས་སུ་ཉེས་ཆད་གཅོད་སྲིད། པ་རི་གྷོ་ཞིན་མ་བསད་པར་གསོན་པོར་རྒྱང་ཕུད་བཏང་བ་ནི་དམག་སྤྱི་སུ་རོ་ཝི་ཀིན་གྱི་རྒྱབ་སྐྱོར་ཡོད་པའི་རྟགས་མཚན་རེད་ཅེས་སྨྲས། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་ནང་ཁུལ་གྱི་གསང་བའི་གནས་ཚུལ་མང་པོ་ཞིག་མ་ཤེས། ཕུ་ཊིན་གྱིས་ཨ་མི་རི་ཀ་དང་ནུབ་ཕྱོགས་པ་ཚོས་ཟིང་འཁྲུག་སློང་གི་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་བདེན་ཁ་མི་སྤྲོད་པའི་ཆེད་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་གྱེན་ལོག་སྐོར་གླེང་སློང་དེ་ཙམ་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་གི་འགོ་ཁྲིད་ཚོས་ནང་འཁྲུག་ཅི་ཙམ་ཡུན་རིང་བརྒྱབ་ན་དམག་མི་རྣམས་གཉའ་ཆག ཡུཀ་རེན་གྱིས་དཔུང་འཇུག་བྱས་ནས་བདུན་ཕྲག་༣་ཕྱིན་ཀྱང་ཨུ་རུ་སུའི་དམག་གིས་འགོག་རྒོལ་བྱས་ནས་ས་ཆ་ཆེན་པོ་ཞིག་མ་ཤོར། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གི་འགོ་ཁྲིད་ཚོ་ནང་འཁྲུག་ལངས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་རིག་པ་བསྒྲིམས་མ་ཐུབ། ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་དམག་མཐར་སྐྲོད་གཏོང་རྒྱུའི་སེམས་ཤུགས་དགུང་ལ་འཕར། ཡུ་རོབ་རྒྱལ་ཁབ་མང་ཆེ་བས་༢༠༢༤་ལོར་ཨི་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བསྐྱར་དུ་འོས་འདེམས་བྱུང་ན་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་བཞག་སྟེ་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁབ་འཐོབ་རྒྱུའི་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཝི་ལིམ་ཊེ་ལར་གྱིས་འོས་འདེམས་ཀྱི་གྲུབ་འབྲས་ལ་ཁྱད་པར་མེད། ཨ་མི་རི་ཀས་ཡུཀ་རེན་ལ་རོགས་སྐྱོར་སྤྲོད་རྒྱུ་མཚམས་ཆད་མི་སྲིད་ཅེས་བཤད་འདུག
ཕྱི་ཟླ་༦་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོས་ངས་ཕུ་ཊིན་ལ་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་མ་གསོད་ཅེས་སྐུལ་ལྕག་བཏང་བ་ཡིན། ཕུ་ཊིན་གྱིས་༡༩༡༧་ལོར་ཨུ་རུ་སུར་བྱུང་བ་ལྟར་གྱི་གྱེན་ལོག་དེར་མཐའ་གཅིག་ཏུ་དྲག་གནོན་བྱ་རྒྱུའི་འཆར་གཞི་འདུག ངས་ཕུ་ཊིན་ལ་བྲེལ་འཚབ་ལང་མི་ཉན། ང་ཚོས་པ་རི་གྷོ་ཞིན་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཚོར་སྐད་ཆ་བཤད་དགོས་ཟེར་བ་ཡིན། ཕུ་ཊིན་གྱིས་ང་ལ་མི་དེ་ཚོར་སྐད་ཆ་བཤད་ན་ཕན་ཐོགས་ཡོད་པ་མ་རེད། ཁོ་ཚོ་རྩ་མེད་གཏོང་དགོས་པ་རེད་ཟེར་བྱུང་། ངས་ཕུ་ཊིན་ལ་ང་ཚོས་པ་རི་གྷོ་ཞིན་གཅིག་པུར་བསམ་བློ་གཏོང་མི་ཉན། ཁོ་པ་རྩ་མེད་བཏང་ན་རྗེས་འཇུག་པ་འཐབ་མོ་བ་ཚོས་ཕྱོགས་ཡོངས་སུ་གྱེན་ལོག་བྱས་ཏེ་འཐབ་འཁྲུག་ཆེན་པོ་སློང་རྒྱུའི་ཉེན་ཁ་ཡོད་པ་རེད། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོར་དམག་སྦྱོང་གང་ལེགས་ཐོབ་ཡོད་པ་ང་ཚོས་ཤེས་གསལ་རེད་ཅེས་བཤོལ་བཏབ་ཚུལ་བྷེ་ལོ་རུ་སིའི་གསར་འགྱུར་ནང་དུ་ཐོན་འདུག