ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཕི་ལི་ཕིན་དང་ཇར་མན་གཉིས་འདི་ལོ་བདེ་སྲུང་ཐད་གྲོས་མཐུན་འཇོག་རྒྱུར་ཁས་ལན་བྱས།


ཇར་མན་ནིའི་རྒྱལ་སྲུང་བློན་སྐུ་ཞབས་བྷོ་རིས་ པིས་ཏོ་རིའོས་དང་ཕི་ལི་ཕིན་གྱིས་རྒྱལ་སྲུང་བློན་ཆེན་གྷིལ་བྷར་ཏོ་ ཏེའོ་ཌོ་རོ་གཉིས་མཇལ་མོལ་གནང་
ཇར་མན་ནིའི་རྒྱལ་སྲུང་བློན་སྐུ་ཞབས་བྷོ་རིས་ པིས་ཏོ་རིའོས་དང་ཕི་ལི་ཕིན་གྱིས་རྒྱལ་སྲུང་བློན་ཆེན་གྷིལ་བྷར་ཏོ་ ཏེའོ་ཌོ་རོ་གཉིས་མཇལ་མོལ་གནང་

རེས་གཟའ་ཉི་མའི་ཉིན་ཇར་མན་ནིའི་རྒྱལ་སྲུང་བློན་སྐུ་ཞབས་བྷོ་རིས་ པིས་ཏོ་རིའོས་དང་ཕི་ལི་ཕིན་གྱིས་རྒྱལ་སྲུང་བློན་ཆེན་གྷིལ་བྷར་ཏོ་ ཏེའོ་ཌོ་རོ་གཉིས་མཇལ་མོལ་གནང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་མངའ་ཁུལ་ནང་དཀའ་རྙོག་ཡོད་པའི་ཐད་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་འགྲོ་ལུགས་ལྟར་བདེ་འཇགས་སྲུང་སྐྱོབ་ལ་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ལ་མཚན་རྟགས་བཀོད་འདུག

ཉེ་བའི་ཟླ་བ་འགའ་ཞིག་རིང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་དང་ཕི་ལི་ཕིན་གཉིས་བདག་དབང་ཐོག་མ་མཐུན་པའི་འགལ་ཟླ་བྱུང་ནས་རྒྱ་ནག་གི་མཚོ་སྲུང་དམག་གྲུས་ཕི་ལི་ཕིན་ལ་བདག་དབང་ཡོད་པའི་ཐོ་མས་ཤོལ་གཉིས་པ་ཞེས་པའི་གླིང་ཕྲན་ནང་བཏང་ནས་ཕོ་ལི་ཕིན་གྱི་དམག་གྲུ་གཏོང་མཁན་ཐོག་དབང་ཡོད་བཤད་དེ་ཕི་ལི་ཕིན་གྱི་ཉ་བ་གཅིག་ལ་རྨས་སྐྱོན་བཟོས་པ་སོགས་ཀྱིས་རྐྱེན་བྱས་ཏེ་ཕྱོགས་གཉིས་དབར་ཕྱི་འབྲེལ་གྱི་དཀའ་ངལ་ཡོད་སྟབས་མངའ་ཁུལ་དེའི་བདེ་འཇགས་དང་བརྟན་ལྷིང་ཡོང་རྒྱུར་ཇར་མན་ནི་དང་ཕི་ལི་ཕིན་གཉིས་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་འདུག དེ་ཡང་ཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལམ་ཕྱོགས་གཉིས་དབར་བཞག་པའི་གྲོས་མཐུན་དེ་ནི་རྒྱལ་སྤྱིའི་མཚོ་ཐོག་དང་མཚོ་འགྲམ་གྱི་ས་འཚམས་ཁུལ་ལ་བདེ་འཇགས་སྲུང་སྐྱོབ་ཆེད་གནད་འགག་ཆེན་པོ་རེད་ཅེས་གསུངས་འདུག་ཅིང་། ཕི་ལི་ཕིན་གྱི་རྒྱལ་སྲུང་བློན་ཆེན་གྱིས་བདེ་འཇགས་སྲུང་སྐྱོབ་ཐད་ཇར་མན་ནིས་ང་ཚོར་མཁོ་བའི་རྒྱུ་ཆ་མཁོ་གཏོང་ཡོང་རྒྱུར་རེ་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

གནས་ཚུལ་ཐོན་པར་གཞིགས་ན་ཕི་ལི་ཕིན་གྱིས་རང་ཉིད་ཀྱི་མཚོ་སྲུང་དཔུང་དམག་ཚོར་དེང་དུས་ཀྱི་གོ་ལག་རྣམས་ཇར་མན་ནི་ནས་མཁོ་སྒྲུབ་བྱ་རྒྱུ་སོགས་ཕྱོགས་གཉིས་དབར་བདེ་འཇགས་སྲུང་སྐྱོབ་ཐད་མཉམ་ལས་བྱ་རྒྱུ་རེད་ཅེས་གསུངས་སྐོར་གནས་ཚུལ་ཐོན་འདུག ཇར་མན་ནི་དང་ཕི་ལི་ཕིན་གྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་མི་ལོ་༧༥་འཁོར་གྱི་ཡོད་ནའང་། ད་ལམ་ཇར་མན་ནིའི་རྒྱལ་སྲུང་བློན་ཆེན་ཕི་ལི་ཕིན་ནང་བདེ་འཇག་དང་རྒྱལ་སྲུང་ཐད་གཞུང་འབྲེལ་གྲོས་མོལ་གནང་ཆེད་ཕེབས་པ་དེ་ཐེངས་དང་པོ་ཡིན་པ་རེད། འོན་ཀྱང་ཉེ་བའི་དུས་སུ་བྱང་ཨཌ་ལན་ཌིག་དམག་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ཨེ་ཤ་ཡའི་ཡུལ་གྲུ་ཉེ་ཧོང་དང་ལྷོ་ཀོརེ་ཡ། ཕི་ལི་ཕིན་སོགས་དང་འབྲེལ་ལམ་ཉེ་རུ་བཏང་དང་གཏོང་བཞིན་ཡོད་པ་དེས་རྒྱ་ནག་གིས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཡོངས་སུ་རང་ཉིད་ལ་བདག་དབང་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། ཕི་ལི་ཕིན་དང་ཝེཏ་ནམ། ཐའི་ཝན། བྷུ་རུ་ནྱི། ཨིན་ཌོ་ནི་ཤི་ཡ་བཅས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། སྤྱི་ལོ་༢༠༡༦་ལོར་ཕི་ལི་ཕིན་གྱིས་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་རྗེས་ཁྲིམས་ཁང་གིས་རྒྱ་ནག་ལ་བདག་དབང་ཡོད་པའི་དཔང་རྟགས་མེད་པའི་ཐག་གཅོད་གནང་ཡོད། ད་ལམ་ཇར་མན་ནིའི་རྒྱལ་སྲུང་བློན་ཆེན་གྱིས་ཁྲིམས་ཁང་གི་ཐག་གཅོད་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོད་སྐོར་ཡང་གསུངས་ཡོད་པ་རེད།

རུའི་ཀྲར་དང་ཇར་མན་གསར་ཁང་ནས་བཏུས།

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG