ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

ཨི་རན་གྱིས་གྷ་ཛར་མེ་འཕེན་མཚམས་འཇོག་ཁོ་ནས་དགྲ་ཤ་ལེན་རྒྱུ་འགྱངས་ཐུབ།


ཨིས་རལ་གྱིས་སྡོད་ཁང་ཞིག་ལ་དྲག་རྒོལ་བྱས་རྗེས་མེ་ལྕེ་འབར།
ཨིས་རལ་གྱིས་སྡོད་ཁང་ཞིག་ལ་དྲག་རྒོལ་བྱས་རྗེས་མེ་ལྕེ་འབར།

ཨིས་རལ་དང་ཧ་མས་དབར་གྱི་དམག་འཐབ་དེ་འཛམ་གླིང་གི་ས་ཁུལ་དེའི་རྒྱལ་ཁབ་གཞན་ལ་ཁྱབ་བརྡལ་མི་འགྲོ་རྒྱུར་ཨི་རན་ལ་དྲག་པོའི་འཁོན་ལན་རིགས་མ་བྱེད་རྒྱུ་མེད་པར་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་གྱིས་འབོད་སྐུལ་བྱས་པ་དེར་གཟའ་མིག་དམར་ཉིན་ཨི་རན་གྱིས་ཁས་ལེན་བྱས་མི་འདུག

ཟླ་བ་སྔོན་མར་ཧ་མས་ཡི་འགོ་ཁྲིད་ཨིས་མེལ་ ཧ་ནི་ཡེ་ཨི་རན་གྱི་རྒྱལ་ས་ཏེ་རན་ནང་ལྐོག་གསོད་བྱེད་མཁན་དེ་ཨིས་རལ་ཡིན་པར་ཨི་རན་གྱིས་ནག་འཛུགས་བྱས་ནས་ཨིས་རལ་ལ་འཁོན་ལན་སློག་རྒྱུར་ཨི་རན་གྱིས་དམ་བཅའ་བཞག་ཡོད། ཨིས་རལ་གྱིས་དེ་ལ་ཐེ་བྱུས་ཡོད་དང་མེད་གང་ཡང་ཡོངས་བསྒྲགས་མ་བྱས་པར་ད་དུང་ཨིས་རལ་གྱི་ས་སྦྲེལ་རྒྱལ་ཁབ་ལེ་བྷ་ནོན་ནང་ཨི་རན་གྱིས་རྒྱབ་སྐྱོར་བྱས་པའི་ཧེ་ཛེ་བྷོ་ལ་ཟེར་བའི་དྲག་སྤྱོད་པའི་མཐོ་རིམ་དམག་དཔོན་གཅིག་ཨིས་རལ་གྱིས་གནམ་ཐོག་ནས་རྒོལ་རྡུང་བཏང་སྟེ་དམར་གསོད་བཏང་པ་དེར་ཧེཛ་བྷུ་ལས་ཨིས་རལ་ལ་འཁོན་ལན་སློག་རྒྱུའི་སྡིག་ར་གཏོང་བཞིན་པ་རེད།

གནས་སྟངས་ལ་དེ་ལ་གཞིགས་ནས་རེས་གཟའ་ཟླ་བའི་ཉིན་དབྱིན་ཇི་དང་ ཧྥ་རེན་སེ། ཇར་མི་ནི་བཅས་ཀྱི་དབུ་ཁྲིད་རྣམས་པས་ཟུང་སྦྲེལ་གྱི་བསྒྲགས་གཏམ་སྤེལ་ནས་དཀྱིལ་ཤར་ཁུལ་དུ་དམག་འཐབ་རྒྱ་ཁྱབ་མི་འགྲོ་བའི་ཆེད་དུ་ཨི་རན་དང་ཨི་རན་གྱི་མཐུན་ཕྱོགས་ཚོས་ཨིས་རེལ་ལ་འཁོན་ལན་སློག་རྒྱུར་འཛེམས་ཟོན་བྱེད་རོགས་ཞེས་འབོད་སྐུལ་བྱས་འདུག དེ་རྗེས་དབྱིན་ཇིའི་སྲིད་བློན་ཀེར་་སི་ཊིར་མར་གྱིས་ཤིན་ཏུ་དཀོན་པའི་ཁ་པར་ཐོག་ཨི་རན་གྱི་སྲིད་འཛིན་མོ་སུཏ་ པེ་ཛེཤ་ཁན་ལ་ཁ དཔར་བཏང་ནས་དཀྱིལ་ཤར་ཡུལ་གྲུའི་དམག་འཐབ་རྒྱ་ཁྱབ་མི་འགྲོ་བར་ཨི་རན་གྱིས་ཨིས་རལ་ལ་དྲག་པོའི་འཁོན་ལན་འཛེམས་དགོས་པའི་སྐུལ་མ་གནང་འདུག འོན་ཀྱང་ཨི་རན་གྱི་གཞུང་གཉེར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ཨི་རན་གྱིས་འཁོན་ལན་སློག་རྒྱུ་ནི་ཨི་རན་གྱི་ཁྲིམས་མཐུན་ཐོབ་ཐང་ཡིན་ཞེས་ཨི་རན་གྱི་སྲིད་འཛིན་གྱིས་བཤད་འདུག

ཨི་རན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ན་སར་ ཀ་ན་ནིས་ཡིས་ཡུ་རོབ་ཀྱི་རྒྱལ་ཁབ་གསུམ་གྱི་དགོས་འདུན་དེ་ཚོ་ནི་སྲིད་ཀྱི་རིགས་ལམ་དང་འགལ་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཁྲིམས་སྒྲིག་དང་རྩ་འཛིན་དང་འགལ་བ། ཐལ་དྲགས་པའི་དགོས་འདུན་རེད་ཅེས་བཤད་འདུག

གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གྱི་གྲོས་མཐུན་བྱ་རྒྱུ་ནི་ཁུལ་དེར་དམག་འཁྲུག་དང་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་ཀྱི་ཐབས་ལམ་ལེགས་ཤོས་ཡིན་པས་རེས་གཟའ་ཕུན་བུའི་ཉིན་མེ་འཕེན་མཚམས་འཇོག་གི་གྲོས་མོལ་ཞིག་བསྐྱར་དུ་འགོ་འཛུགས་ཀྱི་ཡོད་ཅེས་ཨ་རིས་གསུངས་འདུག

ཨ་རི་དང་ཁཱ་ཏཱར། ཨི་ཇེབྜ་བཅས་ཀྱིས་བར་འདུམ་གནང་བའི་གྲོས་མོལ་ལ་ཨིས་རེལ་གྱི་འཐུས་མི་གཏང་རྒྱུ་ཡིན་ཞེས་ཨིས་རལ་གྱིས་བཤད་ཟིན་འདུག་པ་དང་། ཧ་མས་རང་གི་འགོ་ཁྲིད་གཙོ་བོ་ཞིག་དམར་གསོད་བྱུང་ཡོད་ནའང་གྲོས་མོལ་དེའི་ནང་མཉམ་ཞུགས་བྱེད་ཆོག་ཀྱང་། གྲོས་མོལ་དེ་ཟླ་བ་གཅིག་དང་ཕྱེད་ཀའི་གོང་བྱུང་བའི་གྲོས་འགྲིག་ལ་གཞི་གཞག་དགོས་པ་མ་གཏོགས་གྲོས་འགྲིག་གསར་པ་ལ་འདོད་པ་མེད་ཅེས་རེས་གཟའ་ཉི་མའི་ཉིན་བསྐྱར་བརྗོད་བྱས་འདུག

ཨི་རན་དུ་གཏན་གཞི་བྱས་པའི་དབྱེ་ཞིབ་པ་ས་ཡིཏ་ ལེ་ལཛ་ཡིས་བརྗོད་གསལ་ལ། གྷ་ཛ་རུ་མེ་འཕེན་མཚམས་འཇོག་ཡོང་བའི་གྲོས་མོལ་དེའི་ནང་ད་ཆ་ཨི་རན་གྱི་ཐེ་བྱུས་ལྟེ་བ་བྱ་འདོད་ཀྱི་རྣམ་འགྱུར་བསྟན་ནའང་། གྲོས་མོལ་དེའི་ནང་ཐད་ཀར་མཉམ་ཞུགས་མིན་པར་རྒྱབ་ནས་ཐེ་བྱུས་བྱ་མཁན་གྱི་ཨི་རན་གྱི་འཐུས་མི་ཞིག་གཏོང་རྩིས་ཡོད་ཅེས་བརྗོད་མཁན་བྱུང་བ་རེད་ཅེས་རུའི་ཊར་གནས་ཚུལ་ནང་དུ་བཀོད་འདུག

རུའི་ཌར་གསར་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG