ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་བྱས།


གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་བྱས།
གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་བྱས།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨིས་རལ་གྱིས་གྷ་ཛའི་ནང་དམག་འཁྲུག་བརྒྱབ་རྒྱུ་མཚམས་འཇོག་བྱེད་དགོས་པའི་སྐོར་ལ་ཡུ་རོབ་ཀྱི་ཡུལ་ཁག་ཆེ་ཁག་གསུམ་གྱིས་རེས་གཟའ་ཟླ་བའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ་དང་། ཧ་མས་ཡི་གཏའ་མར་བཙན་ཉར་བྱེད་བཞིན་པ་རྣམས་གློད་དཀྲོལ་གཏང་དགོས་པ། གྷ་ཛའི་མི་མང་རྣམས་ལ་ཉེ་བར་མཁོ་བའི་ཛ་དྲག་གི་སྐྱོབ་གསོའི་རོགས་རམ་དེ་བར་ཆད་མེད་པར་སྤྲོད་དགོས་ཀྱི་འདུག་ཅེས་གསུངས་འདུག

འབོད་བསྐུལ་དེའི་ཐོག་ཧྥི་རན་སིའི་སྲིད་འཛིན་མེ་ཀོ་རོན་དང་། ཇར་མ་ནིའི་སྲིད་བློན་ཨོ་ལཕ་ཤོལྫ། དབྱིན་ཇིའི་སྲིད་བློན་ཀྱེ་ཡར་གསུམ་གྱིས་མཚན་རྟགས་བཀོད་འདུག་པ་དང་། ཟླ་བ་བཅུ་ཕྱིན་པའི་གྷ་ཛའི་དམག་འཁྲུག་དེ་མཇུག་བསྒྲིལ་ཡོང་རྒྱུར་ཨ་རི་དང་། ཀ་ཏར། ཨི་ཇིབྚ་གསུམ་གྱིས་བར་འདུམ་གྲོས་འགྲིགས་གནང་གི་ཡོད་པ་དེར་རྒྱབ་སྐྱོར་ཡོད་ཅེས་ཀྱང་གསུངས་འདུག

ཨ་རིའི་སྣེ་འཁྲིད་པའི་རྒྱལ་ཁབ་གསུམ་གྱིས་བར་འདུམ་གྱི་བཀའ་མོལ་དེའི་སར་ཧ་མས་ཡིས་གཏའ་མར་བཙན་ཉར་བྱེད་བཞིན་པའི་བཙོན་པ་ལྷག་མ་རྣམས་གློད་དཀྲོལ་གཏང་བའི་ཚབ་ཏུ་ཨིས་རལ་གྱིས་བཙན་ཉར་བྱེད་བཞིན་པའི་པེ་ལིས་ཐན་གྱི་བཙོན་པ་རྣམས་གློད་དཀྲོལ་གཏང་དགོས་པ་མ་ཟད། གྷ་ཛ་ནས་ཨིས་རལ་གྱི་དམག་མི་རྣམས་ཕྱིར་འཐེན་བྱེད་དགོས་པ་སོགས་འཁོད་འདུག

ཡུ་རོབ་ཀྱི་དབུ་འཁྲིད་གསུམ་གྱི་འབོད་བསྐུལ་དེའི་ནང་ཨིས་རལ་གྱིས་ཉེ་ལམ་བྷེ་རུཊ་དང་ཏེ་རཱན་ནང་དྲག་སྤྱོད་པའི་འགོ་འཁྲིད་གཉིས་རྐྱེན་ལམ་དུ་བཏང་བའི་ལན་དུ་ཨི་རན་དང་ཨི་རན་གྱི་མཐུན་ཕྱོགས་ཤོག་ཁས་ཨིས་རལ་ལ་གཏོར་རྒོལ་གཏང་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་གནང་འདུག

ཨིས་རལ་གྱི་སྲུང་སྐྱོབ་བློན་ཆེན་གྷེལ་ལེནྚ་གྱིས་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོས་ཊིན་ ལོ་ཡེཊ་ལྷན་དུ་བཀའ་མོལ་གནང་སྐབས་ཨི་རན་དང་ཡུལ་དེའི་མཐུན་ཕྱོགས་ཤོག་ཁ་ཧེཛ་བྷོ་ལ་སོགས་ཀྱིས་ཨིས་རལ་ལ་གཞི་རྒྱ་ཆེ་བའི་གཏོར་རྒོལ་ཆེན་པོ་གཏང་རྩིས་ཡོད་པ་དེར་གདོང་ལེན་ཇི་ལྟར་བྱ་རྒྱུ་ཡིན་སྐོར་བཀའ་མོལ་ཞུས་པ་ཡིན་ཞེས་གསུངས་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨིས་རལ་སྲུང་སྐྱོབ་བྱ་རྒྱུར་ཨ་རིས་གང་ཅིའི་ཐབས་བྱུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཨིས་རལ་སྲུང་སྐྱོབ་བྱ་རྒྱར་ཨ་རིས་ད་ལྟ་དཀྱིལ་ཤར་མངའ་ཁུལ་དུ་ཡོད་པའི་ཨ་རིའི་དམག་མི་དང་གོ་ལག་ཤུགས་ཆེ་རུ་གཏོང་གི་ཡོད་ཅེས་གསུངས་འདུག

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཨ་རིའི་མཚོ་དམག་གྲུ་གཟིངས་ཆེན་མོ་དེ་དབུས་ཕྱོགས་ཨེ་ཤི་ཡ། ལྷོ་ཕྱོགས་ཨེ་ཤི་ཡ་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཡོད་པའི་ཨ་རིའི་དབུས་ཕྱོགས་དྲག་པོའི་བཀོད་འདོམས་ལས་ཁང་ཡོད་སར་ཐོན་བསྐྱོད་བྱེད་དགོས་པའི་བཀའ་བཀོད་བཏང་བའི་ཁར་ཨ་རིས་མེ་ཤུགས་འཕུར་མདེལ་གློད་གཏོང་བྱེད་མཁན་མཚོ་འོག་གྲུ་གཟིངས་ཆེན་མོ་ཡང་དཀྱིལ་ཤར་མངའ་ཁུལ་ལ་མངགས་གཏོང་བྱས་འདུག

ཨི་རན་གྱི་དྲག་པོའི་སྒྲིག་འཛུགས་གསར་བརྗེའི་སྲུང་དམག་གི་དཔོན་རིགས་ཤིག་གིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་ཉིན་བཤད་དོན་ལྟར་བྱས་ན། ཨིས་རལ་གྱིས་ཉེ་དུས་ཕྱི་ཟླ་༧པའི་ཚེས་༣༡ཉིན་ཨི་རན་གྱི་རྒྱལ་ས་ཏེ་རན་ནང་ཧ་མས་དྲག་སྤྱོད་པའི་འགོ་འཁྲིད་གཅིག་དམར་བསད་ཡོད་པར་ངན་ལན་ཤུགས་ཆེ་སློག་དགོས་པ་ཡིན་ཞེས་ཡུལ་དེའི་འགོ་འཁྲིད་ལྟེ་བ་ཨ་ཡ་ཏོལ་ལ་ཁ་མི་ནི་ཡིས་བཀའ་བཀོད་བཏང་ཡོད་འདུག

དེའི་བར་ན། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་ཀར་བྷིས་རེས་གཟའ་ཉི་མའི་ཕྱི་དྲོ་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་ཨི་རན་གྱིས་བདུན་ཕྲག་འདིའི་ནང་ཨིས་རལ་གྱི་ཐོག་གཏོར་རྒོལ་གཏང་སྲིད་པ་དང་། ཨིས་རལ་གྱི་དམག་མི་ཚོ་དེ་རྩིས་ཀྱི་སྤྱང་གྲུང་དོད་པོར་གནས་མུས་རེད་ཅེས་གསུངས་འདུག

ཨིས་རལ་གྱིས་རེས་གཟའ་ཉི་མའི་ཉིན་གྷ་ཛ་ལུང་གཤོངས་ཀྱི་་གྲོང་ཁྱེར་ཁཱན་ཡུ་ནུས་ཡི་མི་མང་རྣམས་ཉེན་ཡོལ་ཆེད་དུ་ས་ཆ་བཙན་སར་བྲོས་བྱོལ་དུ་འགྲོ་དགོས་ཞེས་མཁའ་ཐོག་ནས་གསལ་བསྒྲགས་ཤོག་ལྷེ་གཡུགས་འདུག

ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པ་བེུད་ཨ་མལ་གྱིས་ང་ཚོ་ག་བར་འགྲོ་དགོས་ཡོད་ཤེས་ཀྱི་མི་འདུག ཁོ་མོའི་བཟའ་ཟླ་དེ་སྔོན་ཡང་ཐེངས་གཅིག་བྲོས་བྱོལ་དུ་ཕྱིན་ཏེ་ཕྱིས་སུ་ཨིས་རལ་གྱིས་གཏོར་སྐྱོན་བཏང་རྗེས་རང་གི་ཁྱིམ་ཚང་ལ་ཕྱིར་ལོག་བྱས་ཡོད་པ་རེད། བེུད་ཨ་མལ་གྱིས་གྲོང་ཁྱེར་དེ་ནས་འགྲོ་དགོས་བྱུང་བ་ཐེངས་བཞི་པ་དེ་འདུག

ཨེ་ཨེཕ་པི་དང་བྷི་བྷི་སི་གཉིས་ལས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG