ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

ཨིས་རེལ་གྱིས་གྷ་ཛ་ནས་ཡུལ་མི་ཉེན་ཡོལ་དུ་འགྲོ་དགོས་པར་གསར་དུ་བཀའ་རྒྱ་བཏང་རྗེས་ནེ་ཏན་ཡ་ཧུ་ཨ་རིར་ཐོན།


ཨིས་རལ་གྱི་སྲིད་བློན་བྷན་ཇ་མན་ ནེ་ཏན་ཡ་ཧུ་
ཨིས་རལ་གྱི་སྲིད་བློན་བྷན་ཇ་མན་ ནེ་ཏན་ཡ་ཧུ་

ཨིས་རལ་གྱི་སྲིད་བློན་བྷན་ཇ་མན་ ནེ་ཏན་ཡ་ཧུ་རེས་གཟའ་ཟླ་བ་ཉིན་ཨ་རིར་ཐོན་འདུག་པ་དང་། དེ་ཡང་ཨིས་རལ་གྱིས་གྷ་ཛའི་ལྷོ་ཕྱོགས་ཁུལ་གྱི་ཁན་ཡུ་ནུས་ནང་ཨིས་རལ་གྱི་དམག་དཔུང་མ་གཏང་གོང་ས་གནས་དེའི་མི་མང་ཚོར་ཉེན་ཡོལ་དུ་འགྲོ་དགོས་པའི་གསར་དུ་བཀའ་རྒྱ་བཏང་བ་དང་དུས་མཉམ་དུ་ནེ་ཏན་ཡ་ཧུ་ཨ་རིར་ཐོན་འདུག ནེ་ཏན་ཡ་ཧུས་སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུ་ནས་ཕྱིར་འཐེན་བྱས་པ་དེ་ལུང་འདྲེན་བྱས་ཏེ་ད་ལྟ་ཨ་རིའི་ནང་ཆབ་སྲིད་གཏན་ལྷིང་མེད་པའི་དུས་ཚོད་འདིར་ཨི་རིར་བསྐྱོད་ཀྱི་ཡོད་པ་དེ་གནད་འགག་ཆེན་པོ་ཡིན་ཞེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་འདུག

རེས་གཟའ་མིག་མར་ཉིན་ནེ་ཏན་ཡ་ཧུས་སྲིད་འཛིན་བྷའི་ཌན་དང་མཇལ་མོལ་གནང་རྒྱུ་ཡིན་པ་དང། ཉིན་མ་རྗེས་མ་དེར་ཨ་རིའི་གྲོས་ཚོགས་ལ་གཏམ་བཤད་བྱ་རྒྱུ་རེད། འོན་ཀྱང་ན་ནིང་སྤྱི་ཟླ་༡༠ཚེས་༧་ཉིན་ཧ་མས་དྲག་སྤྱོད་པས་ཨིས་རལ་ལ་ཚབས་ཆེའི་གཏོར་རྒོལ་བྱས་ཏེ་མི་༡༢༠༠་ལྷག་བསད་རྗེས་ཨིས་རལ་གྱིས་གྷ་ཛ་གྲོང་ཁྱེར་ནང་ཧ་མས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འོག་གཏོར་རྒོལ་བྱས་ཏེ་ད་ལྟ་བར་ཟླ་དགུ་ཙམ་སོང་ཡོད་པའི་སྐབས་འདིར་ནེ་ཏན་ཡ་ཧུ་ཨ་རིར་ཡོང་གི་ཡོད།

ད་བར་པེ་ལིས་ཐན་གྱི་ཞི་བའི་མི་སེར་སྟོང་ཕྲག་༣༨ལ་སྲོག་སྐྱོན་དང་སྟོང་ཕྲག་༨༩ཙམ་ལ་རྨས་སྐྱོན་བྱུང་ཡོད་ཅིང་། སྲོག་སྐྱོན་དང་རྨས་སྐྱོན་བྱུང་བའི་ཁོངས་ནས་མང་པོ་ཞིག་ཕྲུག་གུ་དང་བེུད་ཡིན་པ་མ་ཟད། རེས་གཟའ་སྤེན་པ་ཉིན་ཨིས་རལ་གྱི་ལྷོ་ཕྱོགས་ས་ཁུལ་ཁན་ཡུ་ནུས་ནང་སླར་ཡང་གཏོར་རྒོལ་བྱས་འདུག་པ་དེའི་ནང་པེ་ལིས་ཐན་གྱི་སྐྱབས་བྱོལ་བ་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་འདུག་པའི་གནས་གསར་པ་ཐོན་འདུག འོན་ཀྱང་སྲིད་འཛིན་བྷའི་ཌན་སྲིད་གཞུང་གིས་ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ལ་པེ་ལིས་ཐན་མི་མང་ལ་སྲོག་སྐྱོན་མ་བྱུང་བ་བྱེད་དགོས་པའི་འབོད་བསྐུལ་རིམ་པར་གནང་ཡོད་པ་མ་ཟད། ཨ་རིས་རྒྱལ་སྤྱིའི་ཡུལ་གྲུ་གཞན་གྱི་མཉམ་དུ་འབྲེལ་བ་བྱས་ཏེ་ནེ་ཏན་ཡ་ཧུ་ལ་ཛ་དྲག་གི་འབོད་བསྐུལ་ཐེངས་མང་གནང་ཡོད་། འོན་ཀྱང་ཨིས་རལ་གྱིས་ཉན་འཇོག་མ་བྱས་པར་ཧ་མས་རྩ་མེད་མ་བཟོ་རྒྱུར་རྒྱལ་ཁ་མ་ཐོབ་བར་གཏོར་རྒོལ་མུ་མཐུད་བྱེད་ཀྱི་ཡིན་ཅེས་བརྗོད་ཀྱི་ཡོད། དེས་ད་ལྟ་བར་ཨིས་རལ་དང་ཨ་རིའི་དབར་འབྲེལ་ལམ་བཟང་པོ་ཡོད་པ་དེར་གནོད་སྐྱོན་བཟོས་ཡོད་པ་རེད་ཅེས་ཉམས་ཞིབ་པས་འབགྲེལ་བརྗོད་བྱས་འདུག་ དེ་ཡང་སྐུ་ཞབས་སི་ཊི་ཝན་ ཀུག་ནི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཨ་རི་དང་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཉམས་ཞིབ་ཁང་ཕྱི་འབྲེལ་མཉམ་ཞིབ་ཁང་ཞེས་པའི་ནང་དཀྱིལ་ཤར་ཡུལ་གྲུའི་གནད་དོན་ཐད་དམིགས་བསལ་ཉམས་ཞིབ་གནང་མཁན་ཡིན་པ་དང་། ཁོང་གིས་སྲིད་འཛིན་བྷའི་ཌན་གྱིས་ནེ་ཏན་ཡ་ཧུ་ལ་གྷ་ཛའི་ལྷོ་ཕྱོགས་ས་ཁུལ་ར་ཕཱའི་ནང་དཔུང་འཇུག་མ་བྱས་པར་མེ་འཕེན་འཚམས་འཇོག་བྱེད་དགོས་པའི་འབོད་བསྐུལ་རིམ་པར་གནང་བ་དེར་ཉན་འཇོག་བྱས་མེད་པ་དེས་ད་ལྟ་ཨ་རི་དང་ཨིས་རལ་དབར་དེ་སྔོན་བྱུང་མྱོང་མེད་པའི་ཐབས་སྡུག་གི་གནས་སྟངས་ཞིག་ལ་གྱུར་ཡོད་ཅེས་གསུངས་འདུག

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG