ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨིས་རལ་གྱི་སྲིད་བློན་གྱིས་ཨ་རིའི་གྲོས་ཚོགས་ཚང་འཛོམས་ལ་གཏམ་བཤད་བྱས།


ཨིས་རལ་གྱི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུས་ཨ་རིའི་གྲོས་ཚོགས་གོང་འོག་འཐུས་མི་ཚང་འཛོམས་ལ་གཏམ་བཤད་གནང་
ཨིས་རལ་གྱི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུས་ཨ་རིའི་གྲོས་ཚོགས་གོང་འོག་འཐུས་མི་ཚང་འཛོམས་ལ་གཏམ་བཤད་གནང་

རེས་གཟའ་ལྷག་པའི་ཉིན་ཨིས་རལ་གྱི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུས་ཨ་རིའི་གྲོས་ཚོགས་གོང་འོག་འཐུས་མི་ཚང་འཛོམས་ལ་གཏམ་བཤད་གནང་ནས་ཨ་རི་དང་ཨིས་རལ་གཉིས་ཀྱི་འབྲེལ་ལམ་གལ་ཆེན་པོ་ཡིན་པ་དང། ཨིས་རལ་གྱི་དམག་འཐབ་ལ་ཨ་རིས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་བྱས་འདུག དེ་ནི་གྷ་རྫའི་དམག་འཐབ་དེ་འགོ་བརྩམས་པ་ནས་ཨིས་རལ་གྱི་སྲིད་བློན་གྱིས་ཨ་རིའི་གྲོས་ཚོགས་ཚང་འཛོམས་ལ་གཏམ་བཤད་བྱས་པ་དང་པོ་དེ་ཆགས་ཡོད།

འོན་ཀྱང་ནེ་ཏན་ཧ་ཡུས་གྲོས་ཚོགས་ལ་གཏམ་བཤད་བྱས་སྐབས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྔ་བཅུ་ཙམ་གྱིས་མཉམ་ཞུགས་བྱས་མེད་ཅིང། ཨིས་རལ་གཞུང་གིས་སྲིད་བྱུས་ལངས་ཕྱོགས་དང་གྷ་ཛའི་ནང་གི་གནས་སྟངས་ལ་གཞིགས་ཏེ་གྲོས་ཚོགས་འཐུས་མི་དེ་དག་གིས་མཉམ་ཞུགས་བྱེད་ཀྱི་མིན་ཞེས་འགྲེལ་བརྗོད་བྱས་ཡོད། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལ་མི་མང་སྟོང་ཚོ་མང་པོས་ནེ་ཏན་ཡ་ཧུ ལ་ངོ་རྒོལ་བྱས་འདུག

ནེ་ཏན་ཡ་ཧུས་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་ནང་། ཨ་རི་དང་ཨིས་རལ་གཉིས་མཉམ་དུ་ལངས་དགོས་ཀྱི་རེད། ང་ཚོ་མཉམ་དུ་ལངས་པ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་རྒྱུ་དང་། ཁོང་ཚོར་ཕམ་ཉེས་ཡོང་གི་ཡོད་རེད། ཨིས་རལ་གྱིས་གྷ་ཛའི་དམག་འཐབ་ལ་ངོ་རྒོལ་བྱེད་མཁན་ཨ་རི་བ་ཚོ་ནི་ཨི་རན་གྱི་རྒྱུགས་ཁྱི་ཡིན་པ་ཡང་འགྲེལ་བརྗོད་བྱས་ཡོད། དེ་བཞིན་ཨིས་རལ་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ཨ་རི་བ་ཚོ་ནི་བྱིས་པ་དམར་བསད་གཏོང་མཁན་དྲག་འཐབ་པར་རྒྱབ་སྐྱོར་བྱེད་མཁན་ཡིན་པ་དང། ངོ་རྒོལ་བྱེད་མཁན་ཚོས་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། དེར་བརྟེན་ཁོང་ཚོ་ངོ་ཚ་དགོས་པ་ཞིག་རེད་ཅེས་བཤད་འདུག

ཨིས་རལ་གྱི་སྲིད་བློན་གྱིས་གྲོས་ཚོགས་ལ་གཏམ་བཤད་བྱས་སྐབས་མི་མང་སྟོང་ཚོ་མང་པོས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལ་ངོ་རྒོལ་བྱས་འདུག་ཅིང་། གྲོས་ཚོགས་ཀྱི་གཡས་གཡོན་ལ་བདེ་འཇགས་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་འདུག ངོ་རྒོལ་བ་ཚོས་ནེ་ཏན་ཡ་ཧུ་ཁྲིམས་འགལ་ནག་ཅན་པ་ཞིག་ཡིན་པ་དང། ཧ་མས་དང་ཨིས་རལ་དབར་འཕྲལ་མར་མེ་འཕེན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མའིག་ ཇོན་སོན་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ནེ་ཏན་ཡ་ཧུ་ལ་སྣེ་ལེན་ཟབ་རྒྱས་བྱས་འདུག་པ་དང། ད་རིང་དང་ཉིན་ལྟར་ཨ་རིས་ཨིས་རལ་གྱི་རྒྱབ་ལ་ལངས་དགོས་ཀྱི་ཡོད་ཅེས་ནེ་ཏན་ཡ་ཧུས་གཏམ་བཤད་མ་བྱས་གོང་དེར་འགྲེལ་བརྗོད་བྱས་འདུག

ནེ་ཏན་ཡ་ཧུས་ཐེངས་འདིའི་གཏམ་བཤད་རྩིས་ན་ད་བར་ཨ་རིའི་གྲོས་ཚོགས་ཚང་འཛོམས་ལ་གཏམ་བཤད་ཐེངས་བཞི་བྱས་ཡོད་པ་དང་། ཁོང་ནི་ཨ་རིའི་གྲོས་ཚོགས་ཚང་འཛོམས་ལ་ཕྱིའི་རྒྱལ་ཁབ་གྱི་འགོ་ཁྲིད་གཅིག་གིས་གཏམ་བཤད་མང་ཤོས་བྱེད་མཁན་དེ་ཆགས་ཡོད། གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེ་སི་གཙོས་པའི་མང་གཙོ་ཚོགས་པའི་གནད་ཡོད་གྲོས་ཚོགས་འཐུས་མི་མང་པོ་མཉམ་བཞུགས་བྱས་མེད་པ་དང། ལྕམ་ཧེ་རི་སི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཆགས་རེ་ཡོད་པར་བརྟེན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་ཕེབས་ནས་ནེ་ཏན་ཡ་ཧུའི་གཏམ་བཤད་ལ་མཉམ་ཞུགས་མ་གནང་བ་དེར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་བྱས་འདུག

མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལེཀ་ཛེན་ཌར་་ཨོ་ཀ་ཤྱི་ ཀོར་ཏིཛ་ཡིས་ནེ་ཏན་ཡ་ཧུ་ནི་ཁྲིམས་འགལ་ནག་ཅན་པ་ཞིག་རེད་ཅེས་བཤད་ཡོད། ནེ་ཏན་ཡ་ཧུས་གྲོས་ཚོགས་ལ་གཏམ་བཤད་བྱས་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ པེ་ལོ་སི་སྔར་ལོའི་ཟླ་བ་བཅུ་པའི་ཕྱི་ཚེས་བདུན་ཉིན་ཧ་མས་དྲག་འཐབ་པས་ཨིས་རལ་ལ་འཇབ་རྒོལ་བྱས་སྐབས་སྡུག་པོ་མྱོང་མཁན་ཨིས་རལ་གྱི་མི་སེར་ཁག་གཅིག་ལ་ཐུག་འཕྲད་གནང་ཡོད་རེད་ཅེས་ཁོང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་མི་རིགས་ནག་པོའི་འཐུས་མིའི་འགོ་ཁྲིད་ཇེམྶ་ ཀི་ལི་བོན་དང་མང་གཙོ་ཚོགས་ཁོངས་ཀྱི་གུ་བཤང་ཅན་ཤོག་ཁའི་འགོ་ཁྲིད་གྲོས་ཚོགས་འཐུས་མི་པེ་མི་ལ་ ཇྱ་པལ་གཉིས་གཙོས་པའི་གྲོས་ཚོགས་འཐུས་མི་མང་པོས་མཉམ་ཞུགས་བྱས་མེད།

རེས་གཟའ་ཕུར་བུའི་ཉིན་སྐུ་ཞབས་ནེ་ཏན་ཡ་ཧུས་ཨ་རིའི་སྲིད་འཛིན་བྷའི་ཌན་དང་ལྕམ་ཧེ་རི་སི་གཉིས་དང་་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་དང། རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཀྲམ་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ནེ་ཏན་ཡ་ཧུས་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུ་ཨ་རི་བ་སྟོང་ཚོ་མང་པོས་པེ་ལེས་ཐན་གྱི་དམག་འཐབ་ནང་ད་ཕན་མི་གྲངས་ཁྲི་གསུམ་དང་དགུ་སྟོང་ཙམ་འདས་གྲོངས་སུ་གྱུར་བར་ངོ་རྒོལ་བྱས་འདུག་པ་མ་ཟད། མང་པོས་ཧ་མས་ཡིས་བཙན་འཁྲིད་བྱས་པའི་ཨ་རི་བ་དང་ཨིས་རལ་གྱི་མི་ཚོ་ད་ཕན་ནེ་ཏན་ཡ་ཧུས་གློད་དཀྲོལ་བྱེད་ཐུབ་མེད་པ་དེར་ངོ་རྒོལ་བྱས་འདུག མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོས་ནེ་ཏན་ཡ་ཧུ་ལ་ངོ་རྒོལ་བྱས་ཡོད་ནའང། ཁོང་ཚོས་གཏམ་བཤད་ལས་འགུལ་ནང་མཉམ་བཞུགས་བྱས་ཡོད་པ་རེད། དེའི་གོང་གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་དབུ་ཁྲིད་ཆུག་ ཤུ་མར་གྱིས་ནེ་ཏན་ཡ་ཧུ་ནི་མངའ་ཁོངས་ལ་ཞི་བདེ་ཡོང་རྒྱུར་འགོག་རྐྱེན་བཟོ་མཁན་ཞིག་ཡིན་པ་དང། ཨིས་རལ་ནང་འོས་བསྡུ་གསར་པ་བྱས་ཏེ་འགོ་ཁྲིད་གསར་བ་འདེམས་དགོས་པའི་དགོས་འདུན་བཏོན་མཁན་གཅིག་ཡིན་པ་རེད། དེ་བཞིན་རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་འཐུས་མི་༦༠ ཙམ་གྱིས་ཧ་མས་བཙན་འཁྲིད་བྱས་པའི་མི་སྣའི་ནང་མི་དང་ཐུག་འཕྲད་བྱས་ཡོད་ཅིང། ཁོང་ཚོ་མང་པོས་ནེ་ཏན་ཡ་ཧུ་ལ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཧ་མས་ཚོགས་པའི་བཙན་འཁྲིད་བྱས་པ་གཅིག་གི་ནང་མི་མ་ཡ་ རོ་མན་གྱིས་གྲོས་ཚོགས་འཐུས་མི་ཚོར་བཤད་དོན་ནི་ཏན་ཡ་ཧུ་འདིར་ཡོང་སྟེ་མི་སྣ་བཙན་འཁྲིད་བྱས་པའི་གནད་དོན་དེ་ཆབ་སྲིད་ལ་འགྱུར་ཏེ་་ཁོང་རང་གནད་དོན་གལ་འགངས་ཆེན་པོ་ཡིན་པ་བཟོ་རྒྱུའི་ཉེན་འཚབ་ཡོད་རེད་ཅེས་གསུངས་འདུག

ཨ་རི་ནི་ཨིས་རལ་ལ་གོ་མཚོན་དང་དམག་དོན་རོགས་རམ་ཤུགས་ཆེ་ཤོས་བྱེད་མཁན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་ཅིང་། ནེ་ཏན་ཡ་ཧུ་ཨ་རིར་སླེབས་པ་དེ་ནི་གྷ་ཛའི་དམག་འཐབ་དེ་འགོ་འཛུགས་པ་ནས་བཟུང་རྒྱལ་ཁབ་གཞན་ལ་ཕྱོགས་བསྐྱོད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་པ་དང། རྒྱལ་སྤྱིའི་ཉེས་དོན་ཉེས་གསོགས་ཁྲིམས་ཁང་གིས་ཁོང་འཛིན་བཟུང་བྱ་དགོས་པའི་བཀོད་ཁྱབ་བཏང་བའི་རྗེས་སུ་རྒྱལ་ཁབ་གཞན་བསྐྱོད་པ་ཡང་དང་པོ་དེ་ཆགས་ཡོད།

ཨེ་པི་དང་རུ་ཀྲར་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG