ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བལ་ཡུལ་གྱི་དབུལ་ཕོངས་གྲས་སུ་རང་སྲོག་གཅོད་མཁན་མང་ཤོས་འབྱུང་།


ཚེ་ལས་འདས་པའི་ནང་མི་ཚོའི་ཆེད་དུ་མཆོད་མེ་འབུལ་བ་དང་།
ཚེ་ལས་འདས་པའི་ནང་མི་ཚོའི་ཆེད་དུ་མཆོད་མེ་འབུལ་བ་དང་།

༄༅།། བལ་པོའི་སྤྱི་ཚོགས་སུ་དབུལ་ཕོངས་དང་ཞིང་པ། འབྱོར་འབྲིང་བའི་གྲས་སུ་རང་སྲོག་གཅོད་མཁན་མང་ཤོས་འབྱུང་གི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༢༥་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ཉེན་རྟོག་སྨན་ཁང་གི་སྨན་པ་ཚུད་པའི་རུ་ཁག་ཅིག་གིས་ལོ་གཅིག་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་དེའི་ནང་དུ་རང་སྲོག་བཅད་ནས་ཤི་བ་བརྒྱ་ཆ་༨༥་ལྷག་དབུལ་ཕོངས་དང་ཞིང་པ། འབྱོར་འབྲིང་བའི་ཁྱིམ་ཚང་ཁག་ཏུ་འབྱུང་གི་འདུག་ཅེས་བསྟན། བལ་ཡུལ་གྱི་ཉེན་རྟོག་སྤྱི་ཁྱབ་དྷ་ཏས་(Ashish Dutt)་ང་ཚོས་༢༠༢༢་ནས་༢༠༢༤་བར་དུ་ཞིང་ཆེན་ཚང་མའི་རྫོང་ཁག་གཉིས་རེའི་ནང་དུ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་རྫོང་ཁག་རིམ་པའི་ཉེན་རྟོག་ལས་ཁུངས་༧༧་གྱི་གཞི་གྲངས་གཞི་རྣམས་ཕྱོགས་བསྡོམས་བྱས་ནས་སྙན་ཐོ་བཏོན་པ་ཡིན་ཞེས་བསྒྲགས།།

འདས་པའི་ལོ་གཉིས་ཀྱི་རིང་བལ་ཡུལ་དུ་རང་སྲོག་བཅད་ནས་ཤི་བའི་མི་གྲངས་བརྒྱ་ཆ་༤༦.༢་ཞིང་པ་དང་མི་གྲངས་བརྒྱ་ཆ་༡༧.༩་ངལ་རྩོལ་བ། མི་གྲངས་བརྒྱ་ཆ་༡༥.༤་སློབ་ཕྲུག་དང་མི་གྲངས་བརྒྱ་ཆ་༡༡.༦་ཁྱིམ་ཚང་གི་ཨ་མ་སོགས་ཡིན་ཞིང་། རང་སྲོག་གཅོད་མཁན་བརྒྱ་ཆ་༨༣.༥་ཡིས་སྐེ་ལ་ཐག་པ་བསྐོན་ནས་ལྕེབས། མི་གྲངས་བརྒྱ་ཆ་༡༥་ཡིས་དུག་འཐུངས། རང་སྲོག་གཅོད་མཁན་༡༠༢༤༧་གྱི་ནང་དུ་ཁ་ཆེམས་ཡི་གེ་བཞག་ནས་ཤི་བ་མི་༡༤༢་ལས་མེད། ལོ་ཤས་གོང་དུ་བལ་ཡུལ་གྱི་ཚོགས་པ་ཁག་གིས་སྙན་ཐོ་བཏོན་པ་དེ་དག་གི་ནང་དུའང་བལ་པོ་ཚོས་རང་སྲོག་གཅོད་ཀྱི་ཡོད་པའི་གནས་སྟངས་ནི་ལོ་བཅུ་ཕྲག་གཉིས་ཀྱི་སྔོན་དང་གཅིག་པ་རེད། བལ་ཡུལ་གཞུང་དང་ས་གནས་ཁག་གི་ལས་སྣེ་ཚོས་མང་ཚོགས་ཀྱིས་རང་སྲོག་གཅོད་ཀྱི་ཡོད་པ་འགོག་ཐབས་དང་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་འབོད་སྐུལ་ཞུས།།

བལ་ཡུལ་གྱི་ཉེན་རྟོག་སྤྱི་ཁྱབ་དྷ་ཏས་རང་སྲོག་གཅོད་མཁན་ཚོའི་ཤེས་ཚད་རྣམས་མ་འདྲ་བ་རེད། ཁོ་ཚོའི་གྲས་སུ་གཞི་རིམ་དང་དམའ་འབྲིང་། མཐོ་འབྲིང་དང་སློབ་ཆེན་ཐོན་པ་བཅས་འདུས། རང་སྲོག་གཅོད་མཁན་མང་ཆེ་བར་གཞི་རྩའི་ཤེས་ཡོན་སློབ་སྦྱོང་ཐོབ། མི་གྲངས་བརྒྱ་ཆ་༦༣.༡་གིས་འབྲི་ཀློག་ཐུབ། བལ་པོ་ཚོས་རང་སྲོག་གཅོད་དོན་གཙོ་བོ་ནི་སེམས་ཁམས་ཀྱི་ན་ཚ་དང་སེམས་ཁམས་ཀྱི་གནོན་ཤུགས། བརྩེ་དུང་དང་དངུལ་སྒོར། གཅོང་པོ་རྣམས་རེད། མི་ཁག་ཅིག་ཉལ་ཐ་དང་ཆང་རག་ངན་ལོབས་ཤོར། འཚོ་བའི་དཀའ་ངལ་ཕྲད་པ་དང་ལས་ཀ་མ་རག རིགས་རུས་དབྱེ་འབྱེད་ཀྱིས་རང་མོས་རང་མཐུན་ལྟར་གཉེན་སྒྲིག་བྱས་མ་ཐུབ་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་འདུག་ཅེས་བཀྲལ།།

བལ་ཡུལ་གྱི་ཞིབ་འཇུག་ཚོགས་ཆུང་གིས་རང་སྲོག་གཅོད་ཐབས་བྱས་པའི་མི་༡༥་ལ་འདྲི་རྩད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ཚེ། ལོ་༡༤་ལ་སོན་པའི་ཤར་ཁུམ་བུའི་བུ་ཆུང་ཞིག་གིས་ཁྱིམ་མཚེས་ཚང་གི་ལག་ཐོགས་ཁ་པར་བརྐུས། ཁོ་པ་ཁྱིམ་མཚེས་ཀྱིས་དེད་ཡོང་བས་རང་སྲོག་གཅོད་རྒྱུའི་གྲབས་བཤམས། སུན་ས་རི་ས་གནས་ཀྱི་ཕོ་གསར་ལོ་༢༠་ལ་སོན་པ་ཞིག་གིས་དཔལ་འབྱོར་དཀའ་ངལ་ལ་གདོང་ལེན་བྱེད་མ་ཐུབ་པར་རང་སྲོག་གཅོད་དགོས་བསམས། ལོ་༤༥་ལ་སོན་པའི་སྐྱེས་པ་རོ་ཏ་ཧ་ཏ་ཞེས་པ་ཞིག་གིས་ཉ་གསོ་ཚོང་ལས་གཉེར་ཀྱང་ལམ་འགྲོ་མ་བརྒྱུགས། ཁོ་པ་བུ་ལོན་ནང་དུ་ཚུད་དེ་རང་སྲོག་གཅོད་གྲབས་སུ་གྱུར། ཁོ་པས་མི་སྒེར་པ་འགའ་ཞིག་དང་དངུལ་ཁང་འགའ་ཞིག་ནས་བུ་ལོན་བསྐྱིས་ཏེ་ཚོང་ལས་བཙུགས་པ་མ་རྩ་བརྡིབས། ཁོ་པར་མི་ཚང་མས་བུ་ལོན་དེད་པས་འུ་ཐུག་སྟེ་འཆི་དགོས་བསམས་བྱུང་ཞེས་ལན་བཏབ།།

བལ་ཡུལ་གཞུང་གིས་བཏོན་པའི་སྙན་ཐོ་དེར་སུན་ས་རི་ས་གནས་ཀྱི་བུ་ཆུང་ཞིག་གི་ཕ་མ་ཚོ་ལས་བྲེལ་གྱིས་བུའི་རང་སྦྱོང་ལ་བལྟ་མ་ཐུབ། བུ་དེས་ཡིག་རྒྱུགས་མ་འཕྲོད་པར་ཨ་ཕས་བཀའ་བཀྱོན་གཏོང་རྒྱུར་སྐྲག་སྟེ་རང་སྲོག་བཅད་ནས་ཤི་འདུག་ཅེས་བཀོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མི་ཚོས་རང་སྲོག་གཅོད་ཀྱི་ཡོད་པ་ནི་བལ་ཡུལ་གཅིག་པུ་མ་རེད། འཛམ་གླིང་གི་ཡུལ་གྲུ་གང་སར་དབུལ་ཕོངས་དང་འབྱོར་འབྲིང་བ་ཚོས་རང་སྲོག་གཅོད་ཀྱི་ཡོད་པ་མང་པོ་འདུག ཁོ་ཚོར་སེམས་ཁམས་ཀྱི་དཀའ་ངལ་དང་འཚོ་བའི་གནོན་ཤུགས། ངལ་ཚེགས་དང་སེམས་ཁྲལ། སྲོག་རླུང་བྱུང་ནས་རང་སྲོག་གཅོད་དགོས་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཚོས་བལ་ཡུལ་གཞུང་དང་ས་གནས་ཁག་མཉམ་འབྲེལ་གྱིས་རང་སྲོག་གཅོད་མཁན་ཇེ་མང་དུ་འགྲོ་བཞིན་པ་འགོག་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ།།

༢༠༢༣་ལོའི་ཕྱི་ཟླ་༩་པའི་ཚེས་༧་ཉིན་བལ་པོའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ས་གནས་ཁག་ཏུ་སྨན་ཁང་དང་ཉེན་རྟོག་པའི་སྒྲིག་འཛུགས་མེད་པས་རང་སྲོག་བཅད་པའི་ཐོ་གཞུང་གསལ་པོ་ཞིག་བསྡུ་ཐུབ་མི་འདུག ཉེན་རྟོག་པའི་གཞི་གྲངས་སུ་ལོ་རེར་བལ་པོ་༥༠༠༠་ཡས་མས་རེས་རང་སྲོག་གཅོད་ཀྱི་འདུག་ཅེས་འཁོད་མོད། འོན་ཀྱང་ཉེན་རྟོག་པས་ཐོ་གཞུང་དུ་རང་སྲོག་བཅད་ནས་ཤི་བ་དང་རང་སྲོག་གཅོད་ཐབས་བྱས་པ་ཇི་སྙེད་ཅིག་འདུ་ཐུབ་མི་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བལ་ཡུལ་ནི་གོ་ལའི་ཁྱོན་དུ་རང་སྲོག་བཅད་ནས་མི་ཤི་བ་མང་ཤོས་ཨང་༧་པ་དེ་རེད། མི་གྲངས་འབུམ་རེའི་ནང་དུ་རང་སྲག་གཅོད་མཁན་བརྒྱ་ཆ་༢༤.༩་འདུག་ཅེས་གསལ་བསྒྲགས་སྤེལ་བ་ལུང་འདྲེན་བྱས་འདུག

བལ་པོའི་དུས་བབ་ཚགས་པར་གྱི་གསར་འགོད་པས་འཕྲོད་བསྟེན་ཞིབ་འཇུག་ལྷན་ཚོགས་ནས་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་ཞིབ་འཇུག་བྱེད་འགོ་ཚུགས་པ་རེད། ལོ་རྗེས་མའི་ཞིབ་འཇུག་སྙན་ཐོའི་ནང་དུ་གཏམ་བཟང་ཞིག་ཐོས་རྒྱུ་ཡོད་པའི་རེ་བ་ཤིན་ཏུ་ཆུང་། འཕྲོད་བསྟེན་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་སྣེ་ཨ་དྷི་ཀ་རིས་(Kriti Adhikari)་ང་ཚོས་ཚོད་ལྟ་ཞིག་བྱས་པ་ཡིན། མི་མང་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༣.༤་ལ་སྲོག་རླུང་གི་ན་ཚ་འདུག མི་བཅུའི་རེའི་ནང་གི་གཅིག་ལ་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་གྱི་འདུག བལ་ཡུལ་གྱི་མི་འབུམ་གཅིག་ལ་སེམས་ཁམས་སྨན་པ་༠.༡༣་ལས་མེད་པས་མི་མང་ཕལ་ཆེ་བར་སེམས་ཁམས་ཀྱི་སྨན་པ་སྟོན་ས་མི་འདུག་ཅེས་བཤད།།

བལ་ཡུལ་གྱི་པ་ཏན་སྨན་ཁང་གི་སེམས་ཁམས་སྡེ་ཚན་གྱི་སྨན་པ་ར་ཝི་ཤཀྱཱས་(Ravi Shakya)་ཉེན་རྟོག་པས་རང་སྲོག་བཅད་པ་རྣམས་ཐོ་འགོད་བྱས་ཀྱང་སེམས་ཁམས་འཕྲོད་བསྟེན་དང་སེམས་ཁམས་སྨན་བཅོས་གནད་འགག་ཅིག་ཏུ་རྩི་ཡི་མི་འདུག ང་ཚོས་བུད་མེད་ལས་ཀྱང་སྐྱེས་པ་རང་སྲོག་གཅོད་མཁན་མང་བ་འབྱུང་གི་ཡོད་པ་ཤེས་ཀྱི་ཡོད། བུད་མེད་ཚོས་རང་སྲོག་གཅོད་ཐབས་བྱས་ཀྱང་ཤི་ཐུབ་པ་ཉུང་ཉུང་རེད། བུད་མེད་ཚོས་རང་སྲོག་བཅད་ནས་ཤི་མ་ཐུབ་ན་སྨན་ཁང་དུ་ཡོང་གི་འདུག སྐྱེས་པ་ཚོར་སེམས་ཁམས་ཀྱི་ན་ཚོ་ཕོག་རྗེས་སྨན་ཁང་དུ་མི་ཡོང་བར་འུ་ཐུག་པའི་དུས་སུ་རང་སྲོག་གཅོད་ཀྱི་འདུག་ཟེར། ༢༠༢༢་ལོར་བལ་ཡུལ་གྱི་མི་འབོར་དང་འཕྲོད་བསྟེན་ལྷན་ཁང་གིས་སེམས་ཁམས་འཕྲོད་བསྟེན་གྱི་ལས་སྣེ་ཞིག་གསར་དུ་བསྐོས། སེམས་ཁམས་འཕྲོད་བསྟེན་ལས་སྣེ་བྷ་རལ་(Phanindra Baral)་གྱིས་བལ་ཡུལ་དུ་སེམས་ཁམས་འཕྲོད་བསྟེན་སྨན་ཁང་འདང་ངེས་མེད་པ་ཁས་བླངས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG