ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༡/༢༨

བལ་ཡུལ་ལ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་ཡོད་སའི་མི་༨༤༡༤་ལ་བརྟག་དཔྱད་བྱས་པའི་གྲས་སུ་མི་༣༡་ལ་ཏོག་དབྱིབས་དུག་འགོས་ཡོད་པའི་ནད་རྟགས་ཐོན། ནད་རྟགས་ཐོན་པ་དེ་དག་གི་གྲས་ཀྱི་མི་༤་དྲག་སྐྱེད་བྱུང་ཡོད་པ་དང་མི་༢༧་ལ་སྔར་བཞིན་སྨན་བཅོས་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གཞུང་གིས་སྔ་ཕྱི་ཐེངས་གསུམ་ལ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་བྱས་པ་ཡིན་ཞེས་བཀའ་རྒྱ་བཏང་ཡོད་པ་དང་། ཕྱི་ཟླ་༤་པའི་ཚེས་༣༡་ཉིན་འགྲོ་འོང་བཀག་སྡོམ་མཇུག་སྒྲིལ་གྱིན་ཡོད་པ་རེད།

བལ་ཡུལ་རྒྱལ་ནང་དུ་དྲྭ་རྒྱའི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་ཀྱང་བྱིས་པ་ཚོར་སློབ་ཁྲིད་བྱ་རྒྱུ་དང་སློབ་སྦྱོང་བྱ་རྒྱུ་སོགས་མཚམས་ཆད་ཀྱི་མེད་ཅེས་དགེ་སློབ་ཁག་ཅིག་གིས་འགྲེལ་བརྗོད་བྱས་བྱུང་། དཔེར་ན་དགེ་རྒན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་བརྗོད་དོན་ལྟར་ན་། ཁོང་གིས་དྲྭ་ལམ་བརྒྱུད་ནས་བལ་ཡུལ་ནང་གི་བྱིས་པ་ཚོ་ཁོ་ནར་སློབ་ཁྲིད་བྱེད་བཞིན་ཡོད། བལ་ཡུལ་ལ་དྲྭ་རྒྱའི་ཆ་རྐྱེན་ཧ་ཅང་ཞན་པའི་དབང་གིས་སློབ་ཕྲུག་ཚོར་ཐད་ཀར་སློབ་ཁྲིད་བྱེད་མི་ཐུབ་པས་སྐད་འཕྲིན་ཞེས་མི་མང་པོས་བེད་སྤྱོད་གཏོང་བཞིན་པའི་དྲྭ་ལམ་དེར་དགེ་སློབ་མཉམ་འཛོམས་ཀྱི་ཚོགས་པ་ཞིག་བཙུགས་ཡོད། ཉིན་ལྟར་སྐད་འཕྲིན་ནང་དུ་བྱིས་པ་ཚོར་བོད་ཡིག་འབྲི་ཀློག་སོགས་ཀྱི་སློབ་ཚན་ཁག་ཁྲིད་ཐུབ་པ་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་པར་མ་ཟད། དགེ་རྒན་ཚེ་གཡང་ལགས་ཀྱིས་བལ་ཡུལ་ལ་ཨ་རི་དང་ཡུ་རབ་རྒྱལ་ཁབ་ཁག་ལྟ་བུའི་ཆ་རྐྱེན་མེད་པས་དྲྭ་ལམ་དུ་ཕ་མ་ཚོ་བརྒྱུད་ནས་བྱིས་པ་ཚོར་འཕྲིན་ཐུང་རེ་བསྐུར་ཏེ་རང་སྦྱོང་འབྲི་རུ་འཇུག་གི་ཡོད་། སྐབས་རེར་བརྙན་ཐུང་དུམ་བུ་རེ་བཟོས་ནས་སློབ་ཁྲིད་སྟབས་བདེ་རེ་འཁྲིད་གང་ཐུབ་ལ་འབད་བཞིན་ཡོད་ཅེས་བརྗོད་སོང་།

སློབ་ཕྲུག་གི་ཕ་མ་ཁག་ཅིག་གིས་བསམ་ཚུལ་བརྗོད་དོན་ལྟར་ན། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་གཙོ་ཆེ་བ་ནི་མི་རྣམས་རང་ཁྱིམ་དུ་འཛུལ་དགོས་པ་དང་མི་ཚོགས་འདུ་སར་འགྲོ་མི་ཉན་པའི་བཀའ་རྒྱ་ལྟར་བདེ་ཐང་གཙོ་བོར་འཛིན་དགོས་པས་གནས་སྐབས་ཟླ་ངོ་རེ་ཟུང་ལ་བྱིས་པ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་ཅུང་ཙམ་འགྲོ་སྲིད་ཅེས་བརྗོད་བྱུང་། འདི་དང་དུས་མཚུངས་སུ་བྱིས་པ་ཁག་ཅིག་གིས་ང་ཚོར་དགེ་རྒན་གྱིས་དྲྭ་ལམ་བརྒྱུད་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པའི་ཕན་ཐོག་གཙོ་བོ་ནི་དགེ་རྒན་གྱིས་བསླབས་པ་རྣམས་སྒྲ་དང་བརྙན་རིས་བཅས་ལ་བསྐྱར་ལྟ་བྱེད་ན་ངེས་ཤེས་འཐོབ་རྒྱུར་ཕན་ཐོགས་འདུག འཛིན་གྲྭའི་ནང་དུ་སློབ་ཁྲིད་སྐབས་སུ་རིག་པ་བསྒྲིམས་ནས་ལྟ་ཉན་བྱ་དགོས་ཀྱི་འདུག དེ་ལྟར་མ་བྱུང་ན་སློབ་ཚན་མང་བ་དང་སློབ་ཚན་རེར་ཆུ་ཚོད་མང་པོ་མེད་པའི་རྐྱེན་གྱིས་ཁྱད་པར་ཆེན་པོ་འདུག་ཅེས་ཉམས་མྱོང་གླེང་། བལ་ཡུལ་གྱི་སློབ་གྲྭ་ཕལ་ཆེ་བ་ཞིག་གི་ལོ་འཁོར་ཡིག་རྒྱུགས་བླངས་ཟིན་ཡོད་པས་སློབ་སྐབས་གསར་པའི་བསླབ་གཞིའི་སློབ་ཚན་ཁག་དྲྭ་ལམ་དུ་སྦྱང་རྒྱུར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་རེད།།

XS
SM
MD
LG