ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

གློ་སྨོན་ཐང་གི་དངུལ་ཁང་ཁག་གི་དངུལ་སྒོར་ཆུ་ལོག་གིས་ཁྱེར་བ་རྙེད་སོན། 


གློ་སྨོན་ཁང་རྫོང་གི་ཀག་བྷེ་ཎི་ས་གནས་སུ་ཆུ་ལོག
གློ་སྨོན་ཁང་རྫོང་གི་ཀག་བྷེ་ཎི་ས་གནས་སུ་ཆུ་ལོག

༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་གློ་སྨོན་ཁང་རྫོང་གི་ཀག་བྷེ་ཎི་ས་གནས་སུ་ཆུ་ལོག་བརྒྱུགས་ཏེ་དངུལ་ཁང་ཁག་གི་བལ་སྒོར་ས་ཡ་༡༥་ལྷག་ཆུས་ཁྱེར་ཞིང་། གཟའ་ཉི་མའི་ཉིན་འདམ་ཉོག་ཁྲོད་ནས་དངུལ་སྒོར་དེ་རྣམས་རྙེད་སོན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༢༡་ཉིན་མ་ཡེ་རི་པབ་ལི་ཀ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་སྨོན་ཐང་རྫོང་གི་ཀག་བྷེ་ཎི་ས་གནས་ཀྱི་ཡུལ་མི་དང་བདེ་འཇགས་མི་སྣ། དངུལ་ཁང་གི་ལས་བྱེད་པ་སོགས་ཀྱིས་འདམ་ཉོག་དང་ས་རྡོ་རྣམས་གཙང་སྦྲ་བྱས་པའི་སྐབས་སུ་དངུལ་སྒོར་དེ་རྣམས་འདོམ་ཉོག་ཁྲོད་ནས་རྙེད། ས་གནས་དེའི་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ར་བིན་དྷྲ་ན་ཐ་པོ་ཌལ་གྱིས་རྙེད་སོན་བྱུང་བའི་དངུལ་སྒོར་ས་ཡ་༥.༡༦་ནི་པྲ་བྷུ་དངུལ་ཁང་གི་དངུལ་སྒོར་ཡིན་པ་དང་དངུལ་སྒོར་ས་ཡ་༡༠.༥་ནི་བལ་ཡུལ་གྱི་མ་འཛུགས་དངུལ་ཁང་ཆེན་མོའི་དངུལ་སྒོར་རེད། ཆུ་ལོག་དུས་སུ་དངུལ་ཁང་དེ་དག་གི་ནང་ལོགས་སུ་གཏོར་བཤིག་ཕོག་པ་དང་ང་ཚོས་ཆུ་ལོག་འཇམ་པའི་རྗེས་སུ་འདམ་ཉོག་བཤངས་ནས་དངུལ་སྒོར་རྣམས་འཚོལ་ཞིབ་བྱས་པ་ཡིན་ཞེས་བཀྲལ།།

གློ་སྨོན་ཐང་རྫོང་གི་ཉེན་རྟོག་སྤྱི་ཁྱབ་གཞོན་པ་པོ་ཌེལ་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཆུ་ལོག་གིས་པྲ་བྷུ་དངུལ་ཁང་བསྣུབས་པ་དང་བལ་ཡུལ་གྱི་མ་འཛུགས་དངུལ་ཁང་ཆེན་མོའི་ཐོག་བརྩེགས་གཉིས་པ་བར་དུ་འདམ་ཉོག་གིས་ཁེངས། དངུལ་སྒོར་རྣམས་ལྕགས་སྒམ་ནང་དུ་ཡོད་པས་ཆུ་དང་འདམ་ཉོག་གིས་བངས་ནས་ལྡུར་མི་འདུག ང་ཚོས་གཟའ་ཉི་མའི་ཉིན་འདམ་ཉོག་གཙང་སྦྲ་བྱས་པ་དང་དངུལ་ཁང་གི་ཁང་པ་དེ་ཚོར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པས་དངུལ་སྒོར་རྙེད་ཡུལ་ལ་བལྟས་ནས་དངུལ་སྒོར་དེ་རྣམས་དངུལ་ཁང་གང་གི་བཅོལ་དངུལ་ཡིན་པ་བདེ་བླག་ཏུ་ཤེས་རྟོགས་ཐུབ་སོང་ཞེས་བཤད། ད་ལྟ་བདུན་ཕྲག་གཅིག་གི་རྗེས་སུའང་རྫོང་གསར་པ་དང་ཀོ་ར་ལའི་རྒྱ་ལམ་ཆེན་མོ་ཆུ་ལོག་གིས་བསྣུབས་ནས་འགྲིམ་འགྲུལ་སླར་གསོ་བྱེད་མ་ཐུབ་པར་ལུས་ཡོད་ཅིང་། རྒྱ་ལམ་དེར་ཀ་ལི་གན་ད་ཀི་ཤུར་ལམ་ཞེས་འབོད་པ་དང་གློ་སྨོན་ཐང་རྫོང་གི་བྷ་རན་གུང་མུག་ཏི་གྲོང་རྡལ་གྱི་དན་བྷེ་ས་གནས་སུ་མཚམས་ཆད་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༢༡་ཉིན་གློ་སྨོན་ཐང་རྫོང་གི་སྤྱི་ཁྱབ་ཨ་ནུ་ཀེ་སི་ཡིས་མ་ཡེ་རི་པབ་ལི་ཀ་གསར་ཁང་ལ་བཤད་པ་ལྟར་ན། ཆུ་ལོག་གིས་རྒྱ་ལམ་བསྣུབས་ཏེ་རྫོང་གསར་པ་ནས་ཀོ་ར་ལ་དང་གློ་སྟོད་ཕྱོགས་ནས་རྫོང་གསར་པ། སྤོག་ར་ནས་ཀ་ཐ་མན་རྡུ་བཅས་སུ་རླངས་འཁོར་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་འགགས་འདུག རྒྱ་ལམ་ཆད་ནས་གློ་བོའི་ཡུལ་གྱི་མི་དམངས་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གློ་བོའི་ཡུལ་དུ་མ་ཐར་པར་འགགས་འདུག འོན་ཀྱང་གཟའ་ཟླ་བའི་ཕྱི་དྲོ་ཡས་མས་སུ་རྒྱ་ལམ་ལས་ནས་འགྲིམ་འགྲུལ་སླར་གསོ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཀྲལ། ཕྱི་ཟླ་༨་པའི་ཚེས་༡༤་ཉིན་ཁཱ་པར་ཧུབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་སྨོན་ཐང་དུ་ཆུ་ལོག་བརྒྱུགས་ནས་མི་མང་གི་ཁང་པ་༡༠་དང་ཉེན་རྟོག་ས་ཚིགས་ཁག ཟམ་པ་སོགས་ཆུ་ལོག་གི་བསྣུབས། དུས་ཐོག་ཏུ་ཆུ་ལོག་ཡོང་གི་ཡོད་པའི་སྔོན་བརྡ་མྱུར་དུ་བཏང་སྟེ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་མ་ཐོན། མི་མང་གནས་སྡོད་བྱ་ཡུལ་མང་ཆེ་བར་ཆུ་ལོག་བརྒྱུགས་ནས་འདམ་ཉོག་གིས་མནན་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༨་པའི་ཚེས་༡༦་ཉིན་མ་ཡེ་རི་པབ་ལི་ཀ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་སྨོན་ཐང་རྫོང་གི་ཝ་ར་གུང་མུག་ཏི་ཆེ་ཏྲ་གྲོང་རྡལ་༤་པར་ཆར་ཞོད་དུས་སུ་ཆུ་ལོག་བརྒྱུགས་པའི་གཞུག་དེར་ཉི་མ་༣་ལ་སྨུག་པ་འཐིབས། བདུན་ཕྲག་སྔོན་མའི་ཆུ་ལོག་དུས་སུ་གློག་སྡོང་མང་ཆེ་བ་ཆུས་ཁྱེར། ད་ལྟ་གློག་སྡོང་རྣམས་བསྐྱར་དུ་བཙུགས་ཏེ་མི་མང་ལ་གློག་མཁོ་གཏོང་བྱེད་འགོ་ཚུགས། ནིར་གྷི་རི་གློག་ཁང་གིས་ཀག་བྷེ་ཎི་ས་གནས་དང་དེ་མིན་གྱི་ས་གནས་ཁག་ལ་གློག་མཁོ་གཏོང་བྱེད་ཀྱི་ཡོད་པས་གློག་སྡོང་ཆག་ཡོད་ས་ཁག་ཏུ་འཕྲུལ་རྩལ་བ་དང་ངལ་རྩོལ་བ་གླས་ནས་གློག་སྡོང་རྣམས་བསྐྱར་དུ་བཙུགས། གུ་རུང་ཟླ་བ་རྡོ་རྗེ་ཞེས་པའི་ས་གནས་ཡུལ་མི་ཞིག་གིས་ཆུ་ལོག་བརྒྱུགས་ནས་མི་མང་གི་འཐུང་ཆུའི་ལྕགས་སྦུག་རྣམས་ཁུར་འདུག གྲོང་གསེབ་པ་བརྒྱ་ཕྲག་མང་པོར་གློག་དང་འཐུང་ཆུ་མེད་པར་ཉིན་ཤས་རིང་འཚོ་གནས་བྱ་དགོས་བྱུང་ཞིང་། ཝ་ར་གུང་མུག་ཏི་ཆེ་ཏྲ་གྲོང་རྡལ་༤་པར་མི་ལ་ཉེ་ཞོ་མ་བྱུང་ཡང་ཕྱུགས་ཟོག་༢༥་ཆུས་ཁྱེར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༡༥་ཉིན་བལ་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་བོའི་ཡུལ་དང་སྙེ་ཤང་སོགས་ལ་ཆར་ཆུ་དཀོན་ཀྱང་ལོ་འདིར་ཆུ་ལོག་བརྒྱུགས། ཉམས་ཞིབ་པ་ཚོས་གློ་བོའི་ཡུལ་དང་སྙེ་ཤང་སོགས་སུ་ཆར་ཞོད་མང་དུ་ཕྱིན་ཏེ་ཆུ་ལོག་རྒྱུག་གི་ཡོད་པར་གཞིགས་ཚེ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་ར་འཕྲོད་ཀྱི་འདུག ཉེ་ཆར་གློ་སྨོན་ཐང་རྫོང་གི་ཀག་བྷེ་ཎི་ས་གནས་སུ་ཆུ་ལོག་བརྒྱུགས་ཏེ་སྐད་གྲགས་ཅན་གྱི་མུག་ཏི་ན་ཐ་ལྷ་ཁང་བཤིག ལོ་གཉིས་ཀྱི་སྔོན་དུའང་མེ་ལམ་ཆི་ས་གནས་སུ་ཆུ་ལོག་བརྒྱུགས་ཏེ་གནོད་འཚེ་ཆེན་པོ་ཕོག བྷི་ཀལ་གུ་རུང་ཞེས་པའི་ས་གནས་ཡུལ་མི་ཞིག་གིས་ཆུ་ལོག་རྒྱུག་གི་ཡོད་པ་ཊིག་ཊོག་དྲྭ་ལམ་དུ་ཐད་གཏོང་བྱས་ནས་སྔོན་ཆད་བྱུང་མྱོང་མེད་པའི་ཆག་སྒོ་ཆེན་པོ་ཞིག་འབྱུང་གི་འདུག་ཅེས་བསྒྲགས།།

གློ་བོའི་ཡུལ་དང་སྙེ་ཤང་གཉིས་ནི་རི་བོ་མཐོན་པོ་གནམ་ལ་ཟུག་པ་དག་གི་བར་དུ་ཆགས་ཡོད་པས་ཆར་ཞོད་ཆེན་པོ་མེད་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་ཆར་ཞོད་ཆེ་རུ་སོང་སྟེ་ཆུ་ལོག་རྒྱུག་རྒྱུ་དང་ས་རུད་འབྱུང་རྒྱུ་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན། ལོ་གཉིས་ཀྱི་སྔོན་དེར་སྙེ་ཤང་རྫོང་ལ་ཆུ་ལོག་བརྒྱུགས་ནས་གནོད་འཚེ་ཚབས་ཆེན་ཕོག་སྟེ་ཧི་མ་ལ་ཡའི་ལྗོངས་སུ་ཆགས་པའི་ས་གནས་དེ་དག་གི་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་གནམ་གཤིས་འགྱུར་གྱི་ཡོད་པ་ངོ་འཕྲོད། བལ་ཡུལ་གྱི་ཆུ་ཤུགས་དང་གནམ་གཤིས་ལས་ཁུངས་ཀྱིས་ས་གནས་དེར་ཉིན་ཞག་གཅིག་གི་རིང་ཆར་པ་མཱི་ལི་མཱི་ཊར་༢༥་བབས་འདུག དེ་ནི་ས་གནས་དེར་ཆར་པ་བབས་པའི་ཟིན་ཐོ་བརྒལ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ། བལ་ཡུལ་གྱི་ཆུ་ལོག་སྔོན་བརྡ་ཁང་གིས་ཀག་ཀཱོ་ལའི་སྟོད་ཕྱོགས་སུ་ས་རུད་བྱུང་སྟེ་ཆུ་འཁྱིལ། མཐར་འཁྱིལ་ཆུ་ཆེན་པོ་དེ་ཁ་ཤོར་ནས་ཆུ་ལོག་བརྒྱུགས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

བལ་ཡུལ་གྱི་རང་བྱུང་གོད་ཆག་ཉམས་ཞིབ་པ་བྷ་སན་ཏ་ཨ་དྷི་ཀ་རིས་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཆུ་ལོག་རྒྱུག་ཡོད་སྲིད་ཀྱང་གཙོ་བོ་གློ་བོའི་ཡུལ་གྱི་ས་དེ་མཁྲེགས་པོ་མ་རེད། ཆར་པ་བབས་པ་རྣམས་སའི་ནང་དུ་ཐིམ་མ་ཐུབ་པར་ས་རུད་འབྱུང་གི་ཡོད་པ་རེད་ཅེས་བཤད། བལ་ཡུལ་གྱི་གནམ་གཤིས་བརྟག་དཔྱད་མཁས་པ་བྷི་མལ་རེག་མཱིས་བལ་ཡུལ་གཞུང་གིས་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཚོ་རྒྱ་སྐྱེད་ཀྱི་འཆར་གཞི་ཡག་པོ་ཞིག་གཏན་འབེབས་བྱ་དགོས་ཀྱི་འདུག རང་བྱུང་གི་གོད་ཆག་ཁག་ཅིག་མི་རྒྱུ་ཟོག་གསུམ་ལ་སྲུང་སྐྱོབ་ཀྱི་འཆར་འགོད་ཡག་པོ་མེད་པར་བྱུང་བ་ཞིག་རེད་ཆེས་ནན་བརྗོད་བྱས་འདུག དེ་བཞིན་རྫོང་གསར་པའི་ཡུལ་མི་ཤ་ཡེ་ལནྡྲ་ཐ་ཀེ་ལིས་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་གཏན་འབེབས་བྱ་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་བལ་ཡུལ་གཞུང་གིས་དེ་ལ་སྣང་མེད་བཏང་བ་རེད། ས་གནས་རིམ་པས་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ལག་ལེན་བསྟར་རྒྱུ་འདང་གི་མི་འདུག་ཅེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG