ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

བོད་ཀྱི་ས་ཁྲ་འགྲེམས་སྟོན་དང་ས་ཁྲའི་བྱུང་རིམ།


རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་བཟུང་གིས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་སྤེལ་བཞིན་པར་འགོག་ལན་དང་། བོད་ཀྱི་མི་རབས་གསར་བ་ཚོས་ས་ཁྲ་རྒྱུད་དེ་བོད་ཀྱི་ལོ་རྒྱུས་ཤེས་ཐབས་ལ་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ས་ཁྲའི་འགྲེམས་སྟོན་ཞིག་གནང་བཞིན་འདུག

ས་ཁམས་རིག་པ་བ་དང་བོད་ཀྱི་ས་ཁྲ་ཆེད་མཁས་པ་ཤར་བ་ཚེ་རིང་དབང་རྒྱལ་ལགས་ཀྱི་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཁང་གིས་ལོ་གཅིག་དང་ཕྱེད་ཀའི་རིང་ལ་བོད་ཀྱི་ས་ཁྲ་ཞེས་པའི་འགྲེམས་སྟོན་ཞིག་གནང་བཞིན་པ་དང་། ས་ཁྲའི་འགྲེམས་སྟོན་འདིའི་ནང་དུས་རབས་༡༧་གྱི་སྨད་ནས་དུས་རབས་བཅུ་དགུའི་སྨད་བར་དུ་དབྱིན་ཇི་དང་རྒྱ་ནག ཨ་རུ་སུ་སོགས་ཀྱིས་བོད་ཀྱི་ས་ཁྲ་ཇི་ལྟར་བཟོས་པ་དང་དར་ཁྱབ་འགྲོ་སྟངས་ཀྱི་སྡེ་ཚན་གཅིག་དང་། ཡང་བོད་དང་རྒྱ། དབྱིན་ཇིའི་བཙན་བཟུང་འོག་གི་རྒྱ་གར་བཅས་ཀྱིས་སྤྱི་ལོ་༡༩༡༣་གྱི་སྤྱི་ཟླ་༡༠་ནས་༡༩༡༤་ཡི་སྤྱི་ཟླ་༦་བར་སྟེ། ཟླ་བ་བརྒྱད་རིང་ལ་གྲོས་མོལ་བྱུང་མཐར་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་བྱུང་སྟངས་ས་ཁྲ་རྒྱུད་དེ་གོ་རྟོགས་སྤེལ་ཐབས་ལ་དམིགས་པ་༡༩༠༤་ནས་༡༩༡༨་བར་གྱི་ས་ཁྲའི་སྡེ་ཚན་གཅིག ཡང་༡༩༥༠་ཡི་རྗེས་སུ་བཙན་བྱོལ་དུ་བོད་ཀྱི་ས་ཁྲའི་འཕེལ་རིམ་སྟེ། སྤྱི་ལོ་༡༩༨༡་ལོར་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ཀྱིས་མདོ་དབུས་ཁམས་གསུམ་མཉམ་དུ་འདུ་བའི་བོད་ཀྱི་ས་ཁྲ་གཏན་འབེབས་བྱུང་བ་དེ་ད་ལྟ་ད་དུང་ཡང་རྒྱུད་འཛིན་བྱེད་བཞིན་པའི་སྡེ་ཚན་གཅིག དེ་མིན་དུས་རབས་བཅུ་དགུའི་ནང་གི་བོད་མི་ཚོའི་ཡིད་ངོར་ཡོད་པའི་རྒྱལ་ས་ལྷ་སའི་ས་ཁྲ་ལག་བྲིས་མ་དེ་འདྲ་ཕྱོགས་སྒྲིག་བཅས་ཁྱོན་སྡོམ་སྡེ་ཚན་བཞི་ཡི་ས་ཁྲའི་འགྲེམས་སྟོན་ཞིག་ཡིན་པ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་གསུང་སོང་།

ས་ཁམས་རིག་པ་བ་དང་བོད་ཀྱི་ས་ཁྲ་ཆེད་མཁས་པ་ཤར་བ་ཚེ་རིང་དབང་རྒྱལ་ལགས།
ས་ཁམས་རིག་པ་བ་དང་བོད་ཀྱི་ས་ཁྲ་ཆེད་མཁས་པ་ཤར་བ་ཚེ་རིང་དབང་རྒྱལ་ལགས།

ཡང་བོད་ཀྱི་ས་ཁྲའི་འགྲེམས་སྟོན་གྱི་རྒྱུ་ཆ་རྣམས་དུས་རབས་༡༧་ནས་མགོ་འཛུགས་བྱེད་དོན་ནི་ཡོ་རོབ་པས་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཀའི་ནང་དུ་མི་སེར་སྤེལ་བ་དང་། རྒྱལ་ཁོངས་ལ་ས་ཐིག་རྒྱག་རྒྱུའི་མགོ་བརྩམས་པ་མ་ཟད། སྐབས་དེ་དུས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་དུས་ཚོད་དང་འཁེལ་ཡོད་པ་བཅས་ས་ཁྲ་དང་ལོ་རྒྱུས་མཉམ་དུ་འགྲོ་བར་སྟབས་བདེ་བོ་བྱུང་ཡོད་པ་བཅས་ཀྱིས་བོད་ཀྱི་ས་ཁྲའི་འགྲེམས་སྟོན་དེ་དུས་རབས་བཅུ་བདུན་ནས་མགོ་འཛུགས་རྒྱུའི་བསམ་ཚུལ་སྟོན་པ་ཡིན་ཞེས་བོད་ཀྱི་ས་ཁྲ་ཆེད་མཁས་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་ལ། ཡང་ཁོང་གིས་སྤྱིར་དུས་རབས་༡༦་དང་༡༧་སྐབས་སུ་གཞི་ནས་རྒྱལ་མཚམས་ཡོད་པའི་ས་ཁྲའི་ཐིག་རིས་མགོ་བཙུགས་པ་ཡིན་ལ། དུས་རབས་༡༦་དང་༡༧ ཡང་ན་༡༨་སོགས་ཀྱི་ནང་དུ་བོད་དེ་སུས་དབང་བསྒྱུར་བྱེད་བཞིན་པ་གསལ་བོ་མེད་པས་ས་ཁྲའི་ནང་གི་བོད་སྟོན་སྟངས་དེ་ཡང་མ་འདྲ་བ་བྱུང་ཡོད། ཡིན་ན་ཡང་༡༧༠༧་བར་རོལ་ནས་རྒྱ་ནག་དེ་མན་ཇུ་ཡིས་དབང་བསྒྱུར་འོག་ཡོད་པའི་ས་ཁྲ་ཐོན་ཡོད་པ་ལས། ས་ཁྲ་དེ་དག་བེད་སྤྱོད་ཆེན་པོ་བྱུང་བ་དང་། དེ་དུས་རྒྱ་ནག་གི་རྒྱལ་ཁོངས་དང་རྒྱལ་འབྲེལ་གྱི་ས་ཐིག་རྣམས་ཚན་རིག་དང་མཐུན་པའི་ས་ཁྲ་བྱུང་ཡོད་པ་རེད། སྐབས་དེ་དུས་མཚམས་རེར་བོད་དེ་མན་ཇུ་འོག་ཏུ་འདྲ་བོ། ཡང་མཚམས་རེར་བོད་དེ་སོག་པོ་དང་འཇུན་སྒར་འོག་ཏུ་ཡོད་པ་འདྲ་བའི་ས་ཐིག་འཐེན་པ་དེ་འདྲ་བྱུང་ཡོད། དེ་འདྲའི་སྐབས་སུ་སྟོབས་ཤུགས་ཆེ་བའི་ཨུ་རུ་སུ་དང་དབྱིན་ཇིའི་སོགས་ཀྱིས་རྒྱུས་མངའ་ཆེན་པོ་མེད་པར་རྒྱ་ནག་གིས་བྲིས་པའི་ས་ཁྲ་དེ་ཚོ་གཞི་ལ་བཞག་ནས་བོད་དེ་འདི་འདྲ་ཞིག་འདུག་བསམ་པའི་ཐོག་ནས་ས་ཁྲ་མང་པོ་བཟོས་ཡོད། ཡིན་ན་ཡང་ཕྱིས་སུ་༡༨༦༠་ནང་ནས་དབྱིན་ཇིའི་གཞུང་གིས་བོད་ནང་དུ་སོ་བ་བཏང་ནས་ས་ཁྲ་བཟོ་རྒྱུ་མགོ་བཙུགས་ཏེ་བོད་ཀྱི་ས་ཁྲ་ལ་ས་ཐིག་རྒྱག་སྟངས་ལ་འགྱུར་བ་མང་པོ་ཐེབས་ཡོད། ང་ཚོའི་བོད་པ་རང་གིས་བོད་ཀྱི་ས་ཐིག་རྒྱག་སྟངས་དེ་ནི་སིམ་ལ་ཆིངས་ཡིག་ནས་མགོ་བཙུགས་པ་རེད་ཅེས་ཚེ་རིང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་ས་ཁྲའི་བྱུང་རིམ་སྐོར་ལ་ངོ་སྤྲོད་གནང་བྱུང་།

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས།
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས།

བོད་ཀྱི་ས་ཁྲ་ཆེད་མཁས་པ་དང་ས་ཁམས་རིག་པ་བ་ཚེ་རིང་དབང་རྒྱལ་ལགས་ནི་ད་ལྟ་ཨ་རིའི་ནེའུ་ཇེར་སི་རུ་ཡོད་པའི་ཕེ་རཱི་སི་ཀྲོན་གཙུག་ལག་སློབ་གྲྭའི་ས་ཁྲའི་དཔེ་མཛོད་ཀྱི་འགན་འཛིན་ཡིན་པ་དང་དུས་མཚུངས་ཡུན་རིང་ལ་བོད་ཀྱི་ས་ཁྲ་ལ་ཞིབ་འཇུག་དང་རྒྱུ་ཆ་འཚོལ་བསྡུད་པ་ཞིག་ཡིན། ཁོང་གིས་བོད་ཀྱི་གྲོང་བརྡལ་དང་གྲོང་ཚོའི་ས་ཁྲ་གསར་བཟོ་གནང་བ་མ་ཟད། ས་ཁྲའི་ནང་གི་བོད་ཀྱི་རི་ཆུ་ནགས་གསུམ་གྱི་ཐ་སྙད་ལ་སྲུང་སྐྱོབས་དང་རྒྱུད་འཛིན། དར་སྤེལ་གཏོང་དགོས་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གལ་ཆེན་པོར་བརྩི་བཞིན་འདུག་ལ། ད་ལྟ་ནས་བོད་མི་ཚོས་རྩ་འཛུགས་བྱེད་དེ་སོ་སོའི་ཡུལ་ལུང་གི་ཐ་སྙད་རྣམས་ཉར་ཚགས་དང་ཡིག་བསྒྱུར་གྱིས་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་ཁག་དང་ཞིབ་འཇུག་ཁང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ནས་རྒྱ་ནག་གིས་བཟོས་པའི་ས་ཁྲའི་ནང་གི་་བོད་ཀྱི་ས་ཆ་ཁག་གི་བརྡ་ཆད་གསར་བ་རྣམས་ལ། བོད་པ་རང་གི་ཐ་སྙད་ཡོད་པ་གསལ་སྟོན་དང་བོད་མིང་གཞི་བཅོལ་ས་ཡོང་ཐབས་ལ་ལག་ལེན་རང་བཞིན་གྱི་ལས་མགོ་རྩོམ་དགོས་པའི་སྐུལ་མ་གནང་སོང་།

XS
SM
MD
LG