ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ལ་དྭགས་ཀྱི་ལོ་རེའི་དུས་སྟོན་གཟབ་རྒྱས་ངང་དུ་འགོ་འཛུགས། 


༄༅།། ཕྱི་ཟླ་༩་པའི་ཚེས་༢༡་ནས་༢༤་བར་དུ་རྒྱ་གར་གི་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་པའི་ལ་དྭགས་ས་གནས་སུ་ཉིན་བཞིའི་རིང་རིག་གཞུང་གི་དུས་སྟོན་ཆེན་པོ་ཞིག་ཚུགས་ཡོད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་དབུས་མངའ་སྡེ་གཞུང་གི་སྤྱི་ཁྱབ་བྷི་ཎི་མི་ཤ་ར་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་རྒྱལ་མཚན་སོགས་རྒྱལ་ས་གླེ་རུ་ཚུགས་པའི་དུས་སྟོན་དེའི་སྒོ་འབྱེད་མཛད་སྒོར་ཞུགས། ད་ལོའི་དུས་སྟོན་ཁོངས་སུ་འཁེལ་འཐག་དང་ལག་ཤེས། ཟས་རིགས་དང་འདྲ་པར་འགྲེམ་སྟོན། གློག་བརྙན་དང་དངོས་བྱུང་གློག་བརྙན། སྲོལ་རྒྱུན་གྱི་མདའ་རྩེད་དང་རྟ་རྒྱུག རྟ་ཐོག་ཕོ་ལོང་གི་འགྲན་སྡུར་དང་རོལ་དབྱངས་དཀྲོལ་ཚོགས། གར་འཆམ་སོགས་འཁྲབ་སྟོན་གྱི་ལས་རིམ་ཁག་བསྒྲིགས་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༢༣་ལོའི་ལ་དྭགས་ཀྱི་དུས་སྟོན་ལ་མངའ་ཁུལ་དེའི་ས་གནས་ཐམས་ཅད་ལ་རང་རང་གི་ཐུན་མོང་གི་ཡིན་པའི་སྲོལ་རྒྱུན་དང་རིག་གཞུང་རེ་ཡོད་པ་རྣམས་འགྲེམ་སྟོན། རྟ་ཐོག་ཕོ་ལོང་གི་རྩེད་ཐང་དུ་ལ་དྭགས་ཀྱི་སྲོལ་དང་བྱུང་རབས་བཅས་ལ་འབྲེལ་བ་ཡོད་པའི་ས་གནས་གལ་ཆེན་ཁག་གི་མཚོན་དོན་རྣམས་བཀོད། ལ་དྭགས་ཀྱི་དུས་སྟོན་སྒོ་འབྱེད་མཛད་སྒོའི་ཐོག་ཏུ་ཟློས་གར་ཚོགས་པ་འདྲ་མིན་གྱིས་རུ་སྒྲིག་དང་འཁྲབ་སྟོན། ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་རྒྱ་གར་གྱི་མངའ་སྡེ་ཁག་དང་དབུས་ཐད་སྐྱོང་མངའ་ཁུལ་གཞན་ཁག་ཏུ་ལ་དྭགས་ཀྱི་འཁྲབ་སྟོན་རུ་ཁག་རྣམས་བཏང་སྟེ་ལ་དྭགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ས་ཁམས་ཆགས་ལུགས་ཀྱི་མཚོན་རྟགས། རྒྱ་གར་མི་དམངས་ལ་ཧི་མ་ལ་ཡའི་ལྗོངས་སུ་ཆགས་པའི་ལ་དྭགས་ཡུལ་དང་མི་དམངས་རྣམས་མཚམས་སྦྱོང་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་ལ་དྭགས་ཀྱི་དུས་སྟོན་དེའི་དམིགས་ཡུལ་ནི་ཡུལ་སྐོར་སྤྲོ་འཆམ་པ་འགུགས་ཐབས་དང་མི་ཚོགས་འདུ་ཐབས། ས་གནས་ཀྱི་ཚོང་ལས་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་རེད་ཟེར། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་རྒྱལ་མཚན་གྱིས་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་འཁྲབ་སྟོན་གྱི་ལམ་ནས་ལ་དྭགས་ཀྱི་ཁྱད་ཆོས་མཚོན་པའི་ཆས་གོས་དང་ཟས་རིགས། ལག་ཤེས་དང་གར་འཆམ་། རྩོམ་རིག་དང་རྩེད་རིགས་སོགས་ཀྱི་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་རྣམས་སྡིངས་ཆ་གཅིག་གི་ཐོག་ཏུ་རྒྱ་གར་མི་དམངས་ལ་སྟོན་ཐུབ་པའི་དགེ་མཚན་ཆེ། ལོ་རེའི་དུས་སྟོན་ཚུགས་པར་ལ་དྭགས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང་འཛིན་སྐྱོང་ལྷན་ཁང་། ཚོང་ལས་སོགས་ཀྱི་ཚན་པ་མང་པོ་མཉམ་འབྲེལ་བྱས་ནས་བཀོད་སྒྲིག་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཨེ་ཤི་ཡའི་འགྲིམ་འགྲུལ་དང་དལ་ཁོམ་དུས་དེབ་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་ལོ་རེའི་དུས་སྟོན་འདིར་འཛམ་གླིང་ཡུལ་གྲུ་ཀུན་གྱི་འགྲུལ་པ་མང་པོ་འདུས། སྔོན་ཆད་ལ་དྭགས་སོགས་ཧི་མ་ལ་ཡའི་ལྗོངས་སུ་ཡོང་མྱོང་མེད་པའི་མི་རྣམས་ལ་དྭགས་ཀྱི་དུས་སྟོན་ལ་ཞུགས་ནས་ས་གནས་མི་དམངས་ལ་འབྲེལ་འདྲིས་དང་ལ་དྭགས་ཀྱི་ས་གནས་ཁག་ཏུ་ལྟ་སྐོར། ས་གནས་ཀྱི་ཟས་རིགས་ཁག་གི་བྲོ་བཅུད་མྱོང་། ལ་དྭགས་ཀྱི་སྲོལ་རྒྱུན་བྲོ་གར་དང་གླུ་དབྱིངས་སོགས་སྙན་དབང་དང་མིག་དབང་གསོ་བའི་བདུད་རྩི་རུ་འགྱུར་གྱི་ཡོད་པ་ཞིག་རེད། ལ་དྭགས་ཀྱི་དུས་སྟོན་ཐོག་ཏུ་རི་དྭགས་དང་བྱ་རིགས་མང་པོ་འགྲེམ་སྟོན་བྱེད་ཀྱི་ཡོད་པ་ནི་ས་གནས་གཞན་ཏུ་མཐོང་ཐོས་དཀོན། གློག་བརྙན་དང་འདྲ་པར་འགྲེམ་སྟོན་གྱིས་མི་ལ་བློ་སྐྱེད་འཕེལ་བའི་ཕན་ཐོགས་འབྱུང་གི་འདུག་ཅེས་གསར་འགྱུར་སྤེལ།།

ལ་དྭགས་ཀྱི་ས་ཁམས་ཆགས་ཚུལ་དེ་ངོ་མཚར་ཆེ་བ་སྟེ། རྒྱལ་ས་གླེ་རུ་ལོ་ངོ་བརྒྱ་ཕྲག་གི་ཁང་རྙིང་དང་མཁར་རྙིང་། ཞི་བའི་མཆོད་རྟེན་དང་ཟ་ཁང་འདྲ་མིན། ཟངས་དཀར་དང་ནུབ་ར། སྤང་གོང་མཚོ། བདེ་སྐྱིད་དགོན་དང་ཁྲིག་སེ་དགོན། ཨུམ་ལུང་ལ་དང་མཁར་རྫོང་ལ་སོགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལྟ་སྐོར་དུ་བསྐྱོད་ཡུལ་རྒྱ་ཆེན་པོ་དང་སྣ་ཚོགས་ཤིག་ཡོད་ཅིང་། ལྷག་པར་དུ་འཛམ་གླིང་གི་དམའ་ས་དང་ཚ་བའི་ཡུལ། རྒྱ་མཚོ་དང་ནགས་ཚལ་སྟུག་པོ་ཡོད་པའི་ཡུལ་གྲུ་ཁག་གི་འགྲུལ་པ་རྣམས་ལ་དྭགས་སུ་སླེབས་ཚེ། ཁོ་ཚོས་སྔོན་ཆད་གློག་བརྙན་སོགས་ནས་མ་གཏོགས་མཐོང་ཐོས་བྱུང་མྱོང་མེད་པའི་ས་མཐོའི་ཁ་དབུགས་སྲབ་པོ་དང་རྫ་རི་བྲག་རི། སྐྱ་སྐམ་དང་བྱེ་ཐང་། མི་མེད་ལུང་སྟོང་། གྲོག་རོང་། གངས་རི་དང་འཁྱག་རོམ། སྔོན་པོ་གཡུ་ལྟར་དྭངས་པའི་མཚོ་དང་མཚེའུ་སོགས་རྨད་དུ་བྱུང་བའི་ལྟད་མོར་རོལ་རྒྱུ་འདུག་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༩་པའི་ཚེས་༡༧་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་སྤྱི་ཁྱབ་མི་ཤི་རས་ལ་དྭགས་ལ་མི་འབོར་འབུམ་༣་ཡས་མས་ཤིག་ལས་མེད་ཀྱང་ན་ནིང་གཅིག་པུར་དབུས་ཐད་སྐྱོང་མངའ་ཁུལ་འདིར་ཡུལ་སྐོར་སྤྲོ་འཆམ་པ་འབུམ་༥་དང་ཁྲི་ཚོ་༣་ལྷག་བསླེབས། ངས་ལ་དྭགས་ཀྱི་སྤྱི་ཁྱབ་པའི་འགན་འཁྲི་ལངས་ནས་ཟླ་བ་༧་ཕྱིན་པའི་རིང་དེར་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་འགྱུར་བ་ཆེན་པོ་ཞིག་ཐེབས་པ་དངོས་སུ་མཐོང་གི་འདུག ༢༠༡༩་ལོའི་ཕྱི་ཟླ་༨་པའི་ནང་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར། དེའི་ཡར་སྔོན་དུ་ལ་དྭགས་མི་དམངས་ལ་ཐོབ་ཐང་མེད་པར་མང་ཚོགས་ཀྱིས་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་བརྩད་པ་རེད་ཅེས་བསྟན།།

ལ་དྭགས་ཀྱི་སྤྱི་ཁྱབ་མི་ཤ་རས་མུ་མཐུད་དུ་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། མ་འོངས་པའི་ལོ་ཤས་ནང་དུ་ལ་དྭགས་ནི་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ཡར་རྒྱས་ཆེ་ཤོས་དེར་འགྱུར་ཐུབ་རྒྱུའི་གདེང་ཚོད་ཡོད། ངའི་ལས་འགན་ཨང་དང་པོ་ནི་ལ་དྭགས་ཀྱི་མི་རབས་གསར་པ་ཚོར་འཐུང་ཆུའི་དཀའ་ངལ་མི་འཕྲད་པ་དང་ལས་ཀ་རག་ཐུབ་པ། ལ་དྭགས་ཡུལ་ལུང་དེ་ཉིད་ལྐོག་ཟ་རུལ་སུངས་མེད་པའི་མངའ་ཁུལ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ལ་དྭགས་ཀྱི་ཞིང་ལས་དང་རྩི་ཤིང་འདེབས་ལས། ཉ་གསོ་དང་དར་སྲིན་གསོ་སྐྱོང་། ཕྱུགས་སྐྱོང་སོགས་ཀྱི་ལས་རིགས་ཁག་ཡར་རྒྱས་གཏོང་ཐུབ་པའི་ཕུགས་སེམས་བཅངས་ཡོད། ཉེ་བའི་ལོ་ཤས་ཤིག་ནས་ལ་དྭགས་ལ་རྒྱ་ལམ་དང་ཕུག་ལམ། ཟམ་པ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱས་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཡུལ་སྐོར་སྤྲོ་འཆམ་གྱི་མཐུན་རྐྱེན་ཡར་རྒྱས་ཆེན་པོ་འགྲོ་བཞིན་འདུག་ཅེས་བཀྲལ།།

ལ་དྭགས་ནི་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཞིག་ཏུ་གྱུར། རྒྱ་གར་ལ་མཚོན་ན་ལ་དྭགས་ཀྱི་བདག་དབང་ཐོག་ཏུ་ཚོར་སྐྱེན་ཤིན་ཏུ་རྣོ། ད་ལྟའི་བར་དུ་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་གནས་ཁག་ཅིག་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་མོད། འོན་ཀྱང་ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༦་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་བྱང་ཐང་ཆེན་མོ་དང་སྤང་གོང་མཚོ་འགྲམ་སོགས་ལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་འགོ་ཚུགས་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་དུས་སྟོན་ཁག་ལའང་ལ་དྭགས་ཀྱི་ཟློས་གར་ཚོགས་པ་ཁག་བཏང་སྟེ་རིག་གཞུང་འགྲེམ་སྟོན་དང་ལ་དྭགས་པའི་རྩེད་རིགས་སོགས་འཁྲབ་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG