ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ལ་དྭགས་པ་དང་དབུས་ནང་སྲིད་ལྷན་ཁང་གི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན།


Leh Kicks off Annual Ladakh Festival with Spectacular Celebration
Leh Kicks off Annual Ladakh Festival with Spectacular Celebration

༄༅།། ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་ལྡི་ལི་གསར་པར་རྒྱ་གར་དབུས་གཞུང་གི་ནང་སྲིད་ལྷན་ཁང་གི་ལས་སྣེ་ཚོར་གྲོས་མོལ་བྱས་ཀྱང་དབུས་ཐད་སྐྱོང་མངའ་ཁུལ་དེར་མངའ་སྡེའི་ཐོབ་ཐང་སྤྲོད་མིན་ཐད་གྲོས་ཐག་གང་ཡང་ཆོད་མེད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༤་ཉིན་ལ་དྭགས་སྒྲ་སྐད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་འཐུས་མི་ཚོ་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱའི་(Amit Shah)་བཞུགས་གནས་སུ་བཅར་ནས་ནང་སྲིད་བློན་ཆེན་ལ་ཐུག་འཕྲད་གྲོས་མོལ་བྱས་ཀྱང་གྲུབ་འབྲས་བློ་ཡིད་ཚིམས་པ་ཞིག་བྱུང་མེད་ཅིང་། དེས་ན་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་རང་རང་གི་ས་གནས་གཉིས་ཀྱི་མི་དམངས་ལ་གྲོས་སྡུར་བྱས་ནས་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐག་གཅོད་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་འདུག

ད་ལོའི་ཕྱི་ཟླ་༢་པའི་ཚེས་༡༩་ཉིན་ལྡི་ལི་གསར་པར་དབུས་གཞུང་གི་ལས་སྣེ་ཚོ་ལ་དྭགས་ཀྱི་སྐུ་ཚབ་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཚོགས་ཆུང་བཙུགས། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་སླར་ཡང་གྲོས་མོལ་བྱས་ནས་གྲོས་གཞི་དོན་ཚན་བཞིའི་ཁོངས་ནས་དོན་ཚན་གསུམ་ལ་གྲོས་མོལ་བྱས་ཤིང་། སྐབས་དེར་ཕྱི་ཟླ་༣་པའི་ཚེས་༤་ཉིན་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་དྲུག་པའི་དགོངས་དོན་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་མིན་གྲོས་སྡུར་བྱ་རྒྱུའི་ཐག་བཅད། ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་འཐུས་མི་ཚོས་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ས་གནས་དེར་རང་གི་ས་ཆའི་བདག་དབང་སྲུང་སྐྱོབ་དང་ལས་ཀའི་གོ་སྐབས། ཚོང་ལས་དང་དཔལ་འབྱོར། རིག་གཞུང་གཅེས་འཛིན་དང་ཤེས་ཡོན་སློབ་གསོ་སོགས་ཀྱི་རང་དབང་མི་འདུག ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་སྲིད་བློན་མོ་དྷིའི་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་ལ་དྭགས་དང་ཇམ་མུ་ཀསྨིར་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། ཐོག་མར་གླེའི་ཕྱོགས་ཀྱི་ནང་པ་ཚོས་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་རག་པར་དགའ་བསུ་ཞུས། ཡིན་ནའང་རིམ་བཞིན་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་མི་དམངས་ལ་རང་གི་ས་ཆའི་བདག་དབང་མེད་པར་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་བཤིག་ཕོག ལ་དྭགས་ཀྱི་ལས་ཁུངས་ཁག་གི་ས་མིག་རྣམས་མངའ་སྡེ་གཞན་ནས་ཡོང་བའི་ཤེས་ཡོན་ཅན་ཚོས་ལེན་གྱི་ཡོད་པ་དང་རྒྱ་གར་གྲོས་ཚོགས་འོག་མའི་ནང་དུ་ལ་དྭགས་ལ་འཐུས་མི་གཉིས་ཀྱི་གདན་ཐོབ་མེད་པ་རྣམས་ངོས་ཟིན། དེར་བརྟེན་ལ་དྭགས་ཀྱི་གླེང་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་གཉིས་ཀྱིས་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་མགོ་བརྩམས།།

ཇམ་མུ་འབྲེལ་ཐག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ལཱལ་སིང་(Lal Singh)་གིས་ཇམ་མུ་མི་དམངས་ཀྱིས་ཀྱང་ལ་དྭགས་པ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རང་ལ་འོས་བབ་ཡོད་པའི་ཐོབ་ཐང་རྣམས་རྩོད་དགོས་པར་མ་ཟད། ཇམ་མུ་མི་དམངས་ལ་དགོས་ངེས་ཀྱི་རྩ་དོན་ཁག་གླེང་སློང་བྱ་དགོས། རྒྱ་གར་གཞུང་གིས་རྩ་ཁྲིམས་དོན་ཚན་༣༧༠་པའི་ནང་དུ་འཁོད་པའི་ཐོབ་ཐང་རྣམས་མེད་པར་བཏང་སྟེ་ལོ་རྒྱུས་ལྡན་པའི་མངའ་སྡེ་དེ་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར་བ་རེད། གླེ་དང་མཁར་དཀྱིལ་གྱི་ལ་དྭགས་པ་ཚོ་གཅིག་སྒྲིལ་བྱས་ནས་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་འདུག ཁོ་ཚོས་ཡུན་རིང་འཐབ་རྩོད་བྱས་ནས་རྒྱ་གར་དབུས་གཞུང་གིས་ལ་དྭགས་ཀྱི་ཚོགས་པ་ཁག་གི་སྐུ་ཚབ་ཚོ་ལྡི་ལི་གསར་པར་བསྐོངས་ནས་གྲོས་མོལ་བྱ་དགོས་བྱུང་བ་རེད་ཅེས་བསྟན།།

གྲོས་ཚོགས་འཐུས་མི་ཟུར་པ་ལཱལ་སིང་གིས་ལ་དྭགས་པ་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏུ་དགོས་འདུན་བཏོན་ནས་རྒྱ་གར་དབུས་གཞུང་གིས་ལ་དྭགས་པ་ཚོར་ཁ་ཡ་བྱ་དགོས་བྱུང་ཞིང་། ཇམ་མུ་མི་དམངས་ཀྱིས་ཀྱང་ལ་དྭགས་པ་ཚོར་མིག་དཔེ་བལྟས་ནས་འཐབ་རྩོད་བྱ་དགོས། སྟབས་མ་ལེགས་པ་ཞིག་ལ་ཇམ་མུ་མི་དམངས་ཀྱི་འགོ་ཁྲིད་ཡིན་ཟེར་བའི་མི་དེ་ཚོས་རང་གི་ས་གནས་མི་དམངས་ཀྱི་ཐོབ་ཐང་དོན་དུ་སྐད་ཆ་ཚིག་གཅིག་བཤད་མི་ཕོད། ཇམ་མུ་མི་དམངས་ཀྱི་ས་ཆའི་བདག་དབང་དང་ལས་ཀའི་གོ་སྐབས་ལ་སྲུང་སྐྱོབ་མེད་པར་ཕྱི་མི་ཡོང་ནས་གཏེར་ཁ་སྔོག་འདོན་དང་ཇམ་མུའི་ན་གཞོན་ཚོར་ལས་ཀ་མེད་པར་ཡི་ཐང་ཆད། ཇམ་མུ་ཀསྨིར་མི་རི་བ་ཚོས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་བ་ཉུང་ཉུང་མིན། ང་ཚོའི་རིགས་ཀྱིས་རྒྱལ་ཁབ་འདིས་སྤོབས་པ་སྐྱེད་ཆོག་པའི་བྱས་རྗེས་བཞག་མྱོང་ཡོད་པ་རེད་ཅེས་བསྐྲལ།།

ཟླ་བ་སྔོན་མར་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་ཚོས་ལས་མཚམས་བཞག་ནས་མངའ་སྡེའི་ཐོབ་ཐང་དགོས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་དྲུག་པའི་འབྲུ་དོན་ལྟར་ལ་དྭགས་ལའང་སྤྱི་མཚུངས་ཀྱི་ཐོབ་ཐང་རྣམས་སྤྲོད་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ། དགུན་གྱི་གྲང་ངར་ལ་མ་འཛེམས་པར་གླེ་དང་མཁར་དཀྱིལ་གཉིས་སུ་མི་མང་སྟོང་ཕྲག་མང་པོ་ངོ་རྒོལ་ལས་འགུལ་ལ་ཞུགས། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་གླེའི་འགོ་གཙོ་ལྷན་ཚོགས་ཀྱི་སྐུ་ཚབ་གྲས་སུ་ཐུབ་བསྟན་ཚེ་དབང་དང་ལག་རུག་ཚེ་རིང་རྡོ་རྗེ། འཇོ་ར་བ་ངག་དབང་རིག་འཛིན། མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་གྲས་སུ་ཨོ་མར་ཨ་ལི་ཨ་ཁུན་དང་ཨ་ས་གྷར་ཨ་ལི་ཁར་བྷ་ལེ། མཁར་དཀྱིལ་བ་ས་ཇཱ་དཱ་བཅས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG