༄༅།། རྒྱ་གར་གཞུང་གིས་ལ་དྭགས་ས་ཁུལ་དུ་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་༥༠༠་དང་འཕྲུལ་རབས་༥་པའི་དྲྭ་རྒྱ་འཐེན་ཏེ་བརྡ་འཕྲིན་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་ཐག་བཅད། ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཀསྨིར་གྱི་ཀློག་པ་པོའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་རྒྱ་ལམ་དང་ཟམ་པ། དམག་སྒར་དང་གནམ་ཐང་། ཕུག་ལམ་སོགས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་གཉེར་གྱི་ཡོད་ཅིང་། ད་དུང་རྒྱ་དཀར་ནག་གིས་དབང་བསྒྱུར་བྱེད་བཞིན་པའི་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་ནག་གིས་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་བཙུགས་ཡོད་པར་རྒྱ་གར་གྱིས་ཁ་གཏད་གཅོག་པར་ལ་དྭགས་སུ་འཕྲུལ་རབས་༤་པ་དང་༥་པའི་དྲྭ་རྒྱ། ལ་དྭགས་ཀྱི་ས་གནས་ཕལ་ཆེ་བར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། རྒྱ་གར་གྱི་བརྡ་འཕྲིན་བློན་ཆེན་ཝེ་ཤ་ནོས་ལ་དྭགས་ཀྱི་ས་གནས་ཁག་ཏུ་བརྡ་རྟགས་ཀྱི་ལྕགས་སྡོང་བཙུགས་པའི་རྗེས་སུ་ཕྲུལ་རབས་༤་པ་དང་༥་པའི་དྲྭ་རྒྱ་འཐེན་ཐུབ། ལ་དྭགས་ལ་བརྡ་རྟགས་ཀྱི་ལྕགས་སྡོང་༥༠༠་ཡས་མས་ཤིག་འཛུགས་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད། ཇམ་མུ་དང་ཀསྨིར། ལ་དྭགས་བཅས་ས་གནས་ཁག་གསུམ་ལ་འཕྲུལ་རབས་༤་པ་དང་༥་པའི་དྲྭ་རྒྱ་འཐེན་འཆར་ཡོད་ཅེས་བསྟན།།
རྒྱ་གར་གྱི་བརྡ་འཕྲིན་བློན་ཆེན་ཝེ་ཤ་ནོས་རྒྱ་གར་དབུས་གཞུང་གིས་ལ་དྭགས་ཀྱི་རྨང་གཞིའི་མཐུན་རྐྱེན་ཏེ། རྒྱ་ལམ་དང་ཟམ་པ། གནམ་ཐང་དང་ཕུག་ལམ། མེ་འཁོར་ལྕགས་ལམ་སོགས་ཡར་རྒྱས་བཏང་བའི་ཞོར་དུ་བརྡ་འཕྲིན་གྱི་འབྲེལ་ལམ་ཡང་ཡར་རྒྱས་གཏོང་དགོས་ཤིང་། ལ་དྭགས་ཀྱི་ས་གནས་མང་ཚོགས་ནས་རྒྱ་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་བཙུགས་ཟིན་འདུག ལ་དྭགས་པ་ཚོར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་བཙུགས་མེད་པར་དཀའ་ངལ་འཕྲད་ཀྱི་འདུག་ཟེར། ༢༠༢༠་ནས་རྒྱ་གར་གཞུང་གིས་ལ་དྭགས་སུ་དམག་དཔུང་གཏོང་རྒྱུ་མང་དུ་བཏང་སྟེ་རྒྱ་དམག་གི་གྲངས་ཚད་དང་མཉམ་ཞིག་བྱས་ཐུབ་ཡོད་ཀྱང་ན་ནིང་ཕྱི་ཟླ་༩་པ་བར་དུ་ལ་དྭགས་སུ་ཁ་པར་གྱི་བརྡ་འཕྲིན་ལྕགས་སྡོང་འཛུགས་མ་ཐུབ། ལ་དྭགས་ཀྱི་ས་མཚམས་ཁག་ཏུ་བཀྲམ་ཡོད་པའི་རྒྱ་གར་གྱི་དམག་ལ་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་འཛུགས་དགོས་ངེས་སུ་གྱུར། ད་ལོའི་ཕྱི་ཟླ་༩་པ་ནས་ཉི་མ་རེར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལྕགས་སྡོང་༣༠༠་རེ་འཛུགས་ཐབས་བྱ་འཆར་ཡོད། རྒྱ་གར་གྱི་གཞུང་གཉེར་དང་སྒེར་གཉེར་དྲྭ་རྒྱ། གཞུང་གཉེར་དང་སྒེར་གཉེར་གྱི་ཁ་པར་བརྡ་རྟགས་ཀྱི་ནུས་ཤུགས་སོགས་གཤིབ་སྡུར་བྱེད་ཚེ། རྒྱ་གར་གྱི་གཞུང་གཉེར་དྲྭ་རྒྱ་དང་ཁ་པར་གྱི་བརྡ་རྟགས་རྣམས་སྟོབས་ཤུགས་ཞན་པའི་སྐྱོན་བརྗོད་འཕོག་གི་ཡོད་པས་དྲྭ་རྒྱའི་ནུས་པ་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་བསྒྲགས།།
༢༠༢༠་ལོར་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཉེན་ཁ་ཆེ་རུ་ཕྱིན་ནས་བཟུང་། རྒྱ་གར་གཞུང་གིས་ལ་དྭགས་དང་གར་ཞ་སྤི་ཏེ། ཁུ་ནུ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་འགྲིམ་འགྲུལ་དང་སྐྱེལ་འདྲེན། འབྲེལ་མཐུད་ཀྱི་མཐུན་རྐྱེན་རྣམས་ཡར་རྒྱས་གཏོང་རྒྱུ་མགོ་བརྩམས། དཔེར་ན་ཧི་མ་ཅལ་མངའ་སྡེའི་གར་ཞ་དང་ལ་དྭགས་ཀྱི་ཟངས་དཀར་བར་གྱི་ཤིང་མགོ་ལའི་(Shingo La/Shinku La ས་མིང་དེའི་བོད་ཡིག་གི་དག་ཆ་ཤེས་མ་སོང་)ཕུག་ལམ་སྒོ་ཕྱེ། ཐོག་མར་ལ་དྭགས་ཀྱི་ཟངས་དཀར་དང་ཧི་མ་ཅལ་མངའ་སྡེའི་གར་ཞ་ཁུལ་གྱི་ཨང་རྟགས་བརྒྱབ་པའི་རླངས་འཁོར་རྣམས་མ་གཏོགས་འགྲིམ་འགྲུལ་བྱེད་དུ་འཇུག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ། རྒྱ་གར་གྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱི་འགན་འཛིན་གྷུ་ལི་ཡས་རིང་ཚད་སྤྱི་ལེ་༣༠༠་ཡས་མས་ཤིག་ཡོད་པའི་སྙེ་མོ་དང་པ་དུམ། དར་ཆུ་བཅས་ཀྱི་རྒྱ་ལམ་དེ་ཉིད་རིང་ཚེ་སྤྱི་ལེ་༤་ཡོད་པའི་ཤིན་མགོ་ལའི་ཕུག་ལམ་ལ་མཐུད་དེ་དབྱར་དགུན་སྟོན་དཔྱིད་མེད་པར་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་ཐུབ་པའི་རྒྱ་ལམ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་བསྒྲགས།།
ཕྱི་ཟླ་༣་པའི་ཚེས་༢༥་ཉིན་གྱེན་ལོག་ཞིབ་འཇུག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ལ་ས་མཚམས་སྤྱི་ལེ་༣༥༠༠་ཐམ་པའི་འདྲེས་ཡོད་པའི་ས་ཐིག་མང་ཆེ་བར་རྩོད་པ་ཡོད་པར་མ་ཟད། ཧི་མ་ལ་ཡའི་ལྗོངས་སུ་ཆགས་པའི་ལ་དྭགས་ནི་རྒྱ་དཀར་ནག་གཉིས་ལ་ལོ་བཅུ་ཕྲག་མང་པོར་འཁྲུག་རྩོད་འབྱུང་ས་གཙོ་བོ་ཞིག་རེད། རྒྱ་ནག་གིས་ལ་དྭགས་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པའི་རྩོད་པ་རྒྱག་གི་ཡོད་པ་དང་རྒྱ་གར་གྱིས་ལ་དྭགས་ནི་ལྡི་ལི་གསར་པའི་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་མངའ་ཁུལ་ཞིག་ཡིན་ཞེས་དབང་བསྒྱུར་བྱེད་བཞིན་ཡོད་མོད། འོན་ཀྱང་༢༠༢༠་ཐམ་པའི་འཁྲུག་རྩོད་རྗེས་སུ་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཀྱི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་སོང་། དེ་ནས་བཟུང་སྟེ་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཁག་ཏུ་དམག་དཔུང་བཀྲམ་སྟེ་སྐབས་འགར་མེ་མདའ་དང་མེ་སྒྱོགས་འཕེན་རེས། ཕྱོགས་གཉིས་ཀས་ཞི་བའི་གྲོས་མོལ་བརྒྱུད་ནས་འགལ་ཟླ་སེལ་ཐབས་བྱས་ཀྱང་གྲུབ་འབྲས་མ་སོན། རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་གཅིག་གིས་གཅིག་ལ་ས་མཚམས་སུ་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བཙུགས། རྒྱ་དཀར་ནག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་ཕྱིན་ན་ས་མཚམས་སུ་འགྲིམ་འགྲུལ་དང་སྐྱེལ་འདྲེན། བརྡ་འཕྲིན་འབྲེལ་ལམ་གྱི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་དེ་བས་ཀྱང་གནད་འགག་ཆེ་རུ་སོང་།།
རྒྱ་གར་གྱི་དངུལ་རྩའི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༩་ལོའི་ཕྱི་ཟླ་༥་པ་ནས་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་མཉམ་འབྲེལ་གྱིས་བྷི་ལ་སི་པུར་ནས་མ་ན་ལི་དང་ལ་དྭགས་ཀྱི་རྒྱལ་ས་གླེའི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་འགོ་ཚུགས། བྷི་ལ་སི་པུར་ནས་གླེའི་བར་གྱི་མེ་འཁོར་ལྕགས་ལམ་ནི་རྒྱ་མཚོ་ནས་མི་ཊར་༥༣༦༠་ཐམ་པའི་ཡན་ཆད་དུ་ཡོད་པའི་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་སུ་འགྱུར་ཡིན་ཞིང་། ད་ནས་ཡུན་རིང་མི་འགོར་པར་བྷི་ལ་སི་པུར་ནས་མ་ན་ལི་དང་མ་ན་ལི་ནས་གླེའི་བར་དུ་མེ་འཁོར་ལྕགས་ལམ་མཐུད་དེ་དགུན་གྱི་དུས་སུ་ལ་དྭགས་ལ་བསྐྱོད་མི་ཐུབ་པའི་དཀའ་ངལ་དང་དབྱར་གྱི་དུས་སུ་རྒྱ་ལམ་ཐོག་ཏུ་འགྲིམ་འགྲུལ་གྱི་འཚང་ཁ་ཆེ་བའི་དཀའ་ངལ་རྣམས་སེལ་ཐུབ། ལ་དྭགས་ལ་ལོ་གཅིག་གི་ཟླ་བ་༦་ཡས་མས་སུ་རྒྱ་ལམ་རྣམས་ཁ་བས་འགགས་ཏེ་མཁའ་ལམ་གྱི་སྐྱེལ་འདྲེན་དང་འགྲིམ་འགྲུལ་འབའ་ཞིག་ལ་བརྟེན་དགོས། གལ་སྲིད་རྒྱ་ནག་གིས་དགུན་གྱི་དུས་སུ་རྒྱ་གར་ལ་དམག་བརྒྱབ་ནས་བཙན་འཛུལ་བྱུང་ན་ལ་དྭགས་སོགས་མཐའ་མཚམས་ཀྱི་ས་ཆ་རྣམས་སྲུང་སྐྱོབ་བྱེད་དཀའ། རྒྱ་གར་གྱི་སྲུང་སྐྱོབ་དོན་དུ་ལོ་ཤས་གོང་དུ་རོ་བྲང་ལའི་ཕུག་ལམ་འཛུགས་སྐྲུན་བྱས་ཏེ་ལོ་དྭགས་སུ་དགུན་གྱི་དུས་སུའང་རླངས་འཁོར་བསྐྱོད་ཐུབ་པར་གྱུར།།
ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་གྱི་གསར་འགོད་པས་མཐོ་རིམ་དམག་དོན་མི་སྣ་ཞིག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མཐོ་རིམ་དམག་དཔོན་དེས་ད་ལོའི་དབྱར་ཀ་འདིར་རྒྱ་གར་གྱི་དམག་གིས་ལ་དྭགས་ཤར་ཕྱོགས་ཀྱི་དབང་བསྒྱུར་ས་ཐིག་མཚམས་སུ་སྐོར་གཡེང་དང་མྱུལ་ཞིབ། རང་ས་བརྟན་པོར་འཛིན་པའི་ལས་འགན་བསྒྲུབ་རྒྱུ་ཡིན། ༢༠༢༣་ལོ་འདིར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་ལོ་གསུམ་འཁོར་གྱི་ཡོད་པ་རེད། གྷལ་ཝན་ལུང་གཤོང་དང་སྤང་གོང་མཚོའི་ལྷོ་ཕྱོགས་དང་བྱང་ཕྱོགས། གོག་ར་དང་ཆུ་ཚན་སོགས་སུ་བར་གནས་ཀྱི་ས་ཁུལ་བསྐྲུན་ཏེ་འཁྲུག་རྩོད་ཞི་འཇམ་གང་འཚམ་ཞིག་བཏང་ཡོད། དེ་བཞིན་སྡེ་བཟང་ལ་དང་བདེ་མཆོག་ས་ཁུལ་དུའང་མདུན་སྐྱོད་བྱ་འཆར་མེད་ཅེས་བཤད། ཕྱི་ཟླ་༣་པའི་མགོ་སྟོད་དེར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ནས་ལ་དྭགས་ཤར་ཕྱོགས་ཀྱི་ས་མཚམས་ཁག་ཏུ་འཁྲུག་རྩོད་ལང་ཆོག་ཆོག་ཡིན་པ་དང་དེ་ནི་ཉེན་ཁ་ཆེན་པོ་ཞིག་རེད། ས་ཁུལ་དེའི་གནས་སྟངས་དེ་རྒྱུན་འཁྱོངས་མི་ཐུབ་པ་དང་རྒྱུན་ལྡན་ཞིག་མ་རེད་ཅེས་བཀྲལ། རྒྱ་གར་གྱི་ཨུ་ཏར་ཁན་དང་འབྲས་ལྗོངས། ཨུ་རུ་ན་ཅལ་བཅས་མངའ་སྡེ་གསུམ་གྱི་ས་མཚམས་ཁག་ཏུ་རྒྱ་དམག་གི་སྟོབས་ཤུགས་ཇེ་ཆེ་དང་འཛུགས་སྐྲུན་ཡར་རྒྱས། བརྡ་འཕྲིན་གྱི་མཐུན་རྐྱེན་ཡག་ཏུ་བཏང་ཡོད་པས་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཧིན་བོད་ས་མཚམས་ཀྱི་འཛུགས་སྐྲུན་དང་དམག་གི་སྟོབས་ཤུགས། བརྡ་འཕྲིན་གྱི་མཐུན་རྐྱེན་རྣམས་ཡག་ཏུ་གཏོང་དགོས་་པའི་གནས་ཚུལ་ཐོན་འདུག