ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ཨ་རིའི་རྒྱབ་སྐྱོར་ལ་བརྟེན་པའི་ཨིས་རལ་གྱིས་གཏོར་རྒོལ་གྱིས་དཀྱིལ་ཤར་མངའ་ཁུལ་ནང་དབང་ཤུགས་ལ་འགྱུར་བ།


སྲིད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱས་པའི་ནང་དེང་སྐབས་ཨིས་རལ་གྱིས་དཀྱིལ་མངའ་ཁུལ་ནང་ཡོད་པའི་ཨི་རན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོར་དམིགས་ནས་གཏོར་རྒོལ་བྱེད་བཞིན་ཡོད་པའི་ཁར། ཨི་རན་ལ་ཡང་ཕར་རྒོལ་བྱ་རྒྱུའི་ཉེན་བརྡ་གཏོང་བཞིན་པ་དང་། དེའི་མཇུག་འབྲས་དེ་འདས་པའི་ལོ་ངོ་བཅུ་འཕྲག་གཉིས་ལྷག་གི་རིང་དཀྱིལ་ཤར་མངའ་ཁུལ་ནང་ཨི་རན་གྱི་སྟོབས་ཤུགས་རྒྱས་བཞིན་པ་དེ་མཇུག་བསྒྲིལ་སྲིད་པའི་ཚོད་དཔག་བྱས་འདུག

ཨིས་རལ་གྱིས་ལེ་བྷ་ནན་ནང་ཡོད་པའི་ཧེཛ་བུ་ལ་དྲག་སྤྱོད་སྒྲིག་འཛུགས་དང་། ཡེ་མན་ནང་ཡོད་པའི་ཡིའུ་ཐིས་གྱེན་ལོག་ཚོགས་པ་གཉིས་ལ་རྒོལ་རྡུང་ཤུགས་ཆེར་བྱེད་བཞིན་པ་དང་འབྲེལ། གྷ་རྫའི་ནང་ཧ་མས་སྒྲིག་འཛུགས་ལ་གཏོར་རྒོལ་མུ་མཐུད་བྱེད་བཞིན་པའི་སྐབས་དེར་ཨིས་རལ་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་ཆབ་སྲིད་མི་སྣ་དང་གནད་དོན་དཔྱད་ཞིབ་པའི་ཁྲོད་དུ་ཨ་རིས་གང་བྱེད་དགོས་མིན་ཐད་ལ་བགྲོ་གླེང་ཤུགས་ཆེར་ཡོང་གི་ཡོད་པ་རེད།

རྒྱལ་ས་ཝ་ཤིན་ཊོན་ནང་གི་མང་གཙོ་སྲུང་སྐྱོབ་ཚོགས་པ་ཞེས་པའི་སློབ་སྟོན་པ་རི་ཅརྜ་ གྷོལ་བྷ་རག་གིས་བཤད་དོན་ལ། ཨི་རན་གྱི་གཅིག་སྡུད་འགོ་ཁྲིད་ཚོ་རྩ་མེད་བཟོ་རྒྱུར་ཨིས་རལ་གྱིས་གང་བྱས་པ་དེར་ཨ་རིས་རྒྱབ་སྐྱོར་ཆ་ཚང་བ་བྱེད་དགོས་ཀྱི་རེད་ཅེས་བཤད་འདུག ལངས་ཕྱོགས་དེ་ནི་ཨིས་རལ་གྱིས་ཆབ་སྲིད་པ་མང་པོའི་ལངས་ཕྱོགས་ཀྱང་ཡིན་པ་རེད།

ཡང་ཨིས་རལ་གྱི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་མཐོ་རིམ་ལས་བྱེད་ཟུར་པ་ཡོའིལ་ གྷུ་ཛནྶ་ཀིས་བཤད་དོན་ལ། ཨ་རིའི་སྲིད་འཛིན་བྷ་ཊན་འཛིན་སྐྱོང་ཁང་གིས་ཨིས་རལ་དང་མཉམ་ལས་བྱས་པའི་ཐོག་ནས་ཨི་རན་ལ་ཕར་རྒོལ་བྱ་དགོས་ཀྱི་ཡོད་ལུགས་དང། དེ་ལྟར་བྱས་ན། ཨི་རན་ལ་ཁ་གསལ་གྱི་བརྡ་ལན་སྤྲོད་ཐུབ་ཀྱི་རེད་ཅེས་བཤད་འདུག

དེ་སྔ་ཨ་རིས་ཨི་རག་གི་འགོ་ཁྲིད་ས་ཌམ་ ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུར་དྲག་པོའི་ཕར་རྒོལ་ལས་འགུལ་སྤེལ་བ་དེ་ནས་ད་ལྟའི་ཨ་རིའི་འགོ་ཁྲིད་ཚོས་སློབ་གསོ་ལེན་ཐུབ་པ་དགོས་ཞེས་འབྲེལ་ཡོད་དཔྱད་ཞིབ་གཞན་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། སྐབས་དེར་ཨ་རབ་རྒྱལ་ཁབ་མང་པོས་ཨི་རག་གི་སྐབས་དེའི་འགོ་ཁྲིད་ས་ཌམ་ ཧུ་སེན་ནི་ཨི་རན་གྱི་སྟོབས་ཤུགས་གནོན་མཁན་མངའ་ཁོངས་ཀྱི་ཅིག་སྡུག་པ་གཙོ་བོ་དེ་ཡིན་པར་བརྟེན་ས་ཌམ་ ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུ་མེད་པའི་སློབ་སྟོན་བྱས་པར་ཨ་རིའི་སྲིད་འཛིན་ཇོརྗ་ བྷུཤ་སྲིད་གཞུང་གིས་སྣང་མེད་བྱས་ཡོད་པ་རེད། ཨི་རན་ཐོག་ལ་དམག་འཐབ་གང་འདྲ་ཞིག་བྱས་པ་ཡིན་ནའང། འདིའི་མཇུག་འབྲས་དང་ཉེན་འཚབ། དེ་བཞིན་དམག་འཐབ་བརྒྱབ་རྗེས་ཀྱི་དམིགས་ཡུལ་དང་འཆར་གཞི་ཁག་གསལ་པོ་གང་ཡང་མེད་པའི་ཐོག་ནས་དམག་འཐབ་བྱེད་རྒྱུ་མེད་པའི་ལམ་སྟོན་བྱེད་བཞིན་ཡོད་པ་རེད།

དེ་སྔ་ཨོ་བྷ་མ་འཛིན་སྐྱོང་ཁང་ལ་ལམ་སྟོན་བྱེད་མཁན་དང། ཇོན་ ཧོཔ་ཀིནྶ་གཙུག་ལག་སློབ་ཁང་གི་སློབ་དཔོན་ཝ་ལི་ ན་སར་གྱིས་བཤད་དོན་ལ། དེ་ལྟར་བྱས་ན། མཐར་ཨིས་རལ་དེ་ག་དུས་ཡིན་ནའང་དམག་འཐབ་ལ་ཞུགས་མཁན་རྒྱལ་ཁབ་ཞིག་ཆགས་ཉེན་ཡོད་ཅེས་དང་། སློབ་དཔོན་ན་སར་ནི་དཀྱིལ་ཤར་མངའ་ཁོངས་ལ་ཨི་རན་གྱི་སྟོབས་ཤུགས་ཇི་ལྟར་རྒྱ་བསྐྱེད་ཕྱིན་ཡོད་པར་ཞིབ་མཇུག་བྱེད་མཁན་གཙོ་བོ་གཅིག་ཡིན་པ་རེད།

ཡང་ཨ་རིའི་ཕྱི་འབྲེལ་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་རན་ཌི་སི་ལིམ་གྱིས་གསུངས་དོན་ལ། གནས་སྟངས་འདི་ལ་བལྟས་པ་ཡིན་ན། ང་ཚོས་ཕྱི་ལོ་༢༠༠༣ ལོར་ཨི་རག་ལ་བཙན་འཛུལ་བྱས་པ་དེ་ནས་སློབ་གསོ་དང་ནོར་འཁྲུལ་གང་བྱུང་བ་ཁག་བརྗེད་པ་ལྟ་བུ་མཐོང་གི་འདུག་ཅེས་གསུངས་འདུག

ཡང་ཨི་སི་རལ་གྱིས་དམག་དོན་ལས་འགུལ་སྤེལ་བཞིན་པ་ཁག་ལ་རྒྱབ་སྐྱོར་བྱ་དགོས་པར་ནན་བརྗོད་བྱེད་མཁན་ཚོས་བཤད་དོན་ལ། ཨ་རི་དང་ཨིས་རལ། དེ་བཞིན་ཨ་རིའི་མཐུན་ཕྱོགས་ཚོར་གཏོར་རྒོལ་བྱེད་མཁན་ཨི་རན་དང་ཡུལ་དེའི་མཐུན་ཕྱོགས་ཚོའི་ནུས་ཤུགས་གཅོག་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

གཟའ་འཁོར་སྔོན་མ་ནས་ཨིས་རལ་གྱིས་ཧིཛ་བུ་ལ་དྲག་འཐབ་ཚོགས་པའི་གནད་ཡོད་འགོ་ཁྲིད་དང་ཚོགས་པའི་འགོ་མཚོན་གསོག་འཇོག་ཁང་སོགས་ལ་དྲག་པོའི་གཏོར་རྒོལ་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་དང། ཚོགས་པ་འདི་ནི་དཀྱིལ་ཤར་མངའ་ཁོངས་ལ་ཨི་རན་གྱིས་མཐུན་ཕྱོགས་གཙོ་བོ་དེ་ཆགས་ཡོད་པ་དང། དེ་བཞིན་ཨི་རན་གྱི་མཐུན་ཕྱོགས་དྲག་འཐབ་ཚོགས་པ་ཡོའུ་ཐིས་ཐོག་ལ་ཡང་རྒོལ་རྡུང་བཏང་ཡོད་པ་རེད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG