ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨི་སི་རལ་གྱི་མི་མང་བཙན་ཁྲིད་བྱས་པ་རྣམས་གསོད་རྒྱུའི་འཇིགས་སྐུལ། 


༄༅།། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་ནས་ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ནར་མོར་གཏོར་རྒོལ་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་ན་ཨི་སི་རལ་གྱི་སྤྱི་དམངས་༡༠༠་ལྷག་བཙན་བྱས་ཡོད་པ་རྣམས་གསོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཕྱི་ཟླ་༡༠་པའི་༩་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧ་མ་སི་ཤོག་ཁག་གི་དམག་དོན་ཚན་པའི་མགྲིན་ཚབ་པ་ཨ་བྷུ་ཨོ་བྷེ་དྷ་ཞེས་པ་ཞིག་གིས་ཨི་སི་རལ་ནས་སྔོན་བརྡ་མ་བཏང་བར་པ་ལི་སི་ཐན་གྱི་མི་མང་དཀྱུས་མའི་ཁང་པ་སོགས་ལ་གཏོར་རྒོལ་བྱས་ན་ང་ཚོས་བཙན་ཉར་བྱེད་ཡོད་པའི་ཨི་སི་རལ་གྱི་སྤྱི་དམངས་རྣམས་གསོད་རྒྱུ་ཡིན། ང་ཚོས་ཨི་སི་རལ་གྱི་མི་བསད་པ་རྣམས་ཨ་རབ་སྐད་ཡིག་གི་བརྙན་འཕྲིན་ལས་ཁུངས་ཁག་བརྒྱུད་ནས་རྒྱང་བསྒྲགས་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དེས་ན་སྲིད་བློན་ནེ་ཐན་ཧུའི་གཞུང་གིས་གྷ་ཟ་ཐང་གཤོང་ནར་མོར་ཨི་སི་རལ་གྱི་སྐམ་དམག་གཏོང་དགོས་མིན་ཐག་མ་ཆོད་པར་ལུས། ཧ་མ་སི་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་ཨི་སི་རལ་གྱི་སྤྱི་དམངས་དེ་དག་གི་བཟའ་མི་ཚོས་སྲིད་བློན་ནེ་ཐན་ཡ་ཧུ་ལ་རང་མི་རྣམས་སྐྱོབ་ཐབས་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་།།

པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་ཚོས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་གཏོར་རྒོལ་བྱས་
པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་ཚོས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་གཏོར་རྒོལ་བྱས་

ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༧་གྱི་ཞོགས་པར་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་ཚོས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་གཏོར་རྒོལ་བྱས་ཏེ་མི་༩༠༠་ལྷག་བསད་པ་དང་མི་༢༤༠༠་ལྷག་རྨས། མི་༡༠༠་སྐོར་ཞིག་བཙན་ཁྲིད་བྱས་པ་དེ་དག་གི་གྲས་སུ་ཕོ་གསར་མོ་གསར་དང་ལོ་ན་༨༠་ཡས་མས་སོན་སུ་སོན་པའི་རྒན་མོ། བྱིས་མར་འབྱར་དང་ཕྲུ་གུའི་ཨ་མ་སོགས་འདུས། འདས་པའི་ཉིན་ཤས་རིང་ཨི་སི་རལ་རྒྱལ་ཡོངས་སུ་ང་ཚོའི་གསང་བའི་ལས་ཁུངས་ཁག་ནས་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱ་འཆར་ཡོད་པ་ཅིའི་ཕྱིར་མ་ཤེས་པ་རེད། རོལ་དབྱངས་སྤྲོ་ཚོགས་ལ་འཛོམས་པའི་ན་གཞོན་ཚོ་དམར་གསོད་བྱས་པའི་དུས་སུ་ཨི་སི་རལ་གྱི་དམག་དཔུང་གང་དུ་ཕྱིན་པ་རེད་ཅེས་ཁ་རྡུང་གི་གཏོང་མགོ་བརྩམས། ༡༩༧༣་ལོའི་ཕྱི་ཟླ་༡༠་པའི་ཚེས་༦་སྟེ། ཡོམ་ཀི་པུར་ཞེས་པའི་ཇིའུ་ཆོས་ལུགས་ཀྱི་བཤགས་སྡོམ་དུས་ཆེན་ཉིན་ཨི་ཇེབ་དང་སི་རི་ཡ་གཉིས་ཀྱིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨི་སི་རལ་ལ་གཏོར་རྒོལ་ཚབས་ཆེན་འདི་འདྲ་ཞིག་བྱུང་མྱོང་མེད་པའི་གནས་ཚུལ་ཐོན་འདུག

ཨི་སི་རལ་གྱི་གཞུང་ནས་ཧ་མ་སི་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་མི་མང་དེ་རྣམས་སྐྱོབ་དགོས་ཚེ། ཨི་སི་རལ་གྱི་བཙོན་ཁང་ཁག་ཏུ་ཡོད་པའི་པ་ལི་སི་ཐན་བ་སྟོང་ཕྲག་མང་པོ་གློད་གྲོལ་གཏོང་དགོས་ཞིང་། ཨི་སི་རལ་གྱི་དམག་སྤྱི་ཟུར་པ་དང་རྒྱལ་ཡོངས་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨེ་རཱིལ་ཧེ་མན་གྱིས་ང་ཚོ་བུད་མེད་དང་ཕྲུ་གུ་སོགས་སྤྱི་དམངས་མི་བཙན་ཁྲིད་བྱུང་བ་དེ་དག་གི་བདེ་འཇགས་ལ་སེམས་ཁྲལ་ཡོད། ད་ལྟ་ཨི་སི་རལ་གྱི་མི་དམངས་རྣམས་ཧ་མ་སི་ཤོག་ཁག་ལ་འཐབ་རྒོལ་བྱ་དགོས་ཞེས་ལངས་ཕྱོགས་གཅིག་གྱུར་རེད། ཨི་སི་རལ་གྱིས་དཔུང་འཇུག་དང་བཙོན་པ་བརྗེ་ལེན་སོགས་ཀྱི་ཐག་གཅོད་ཅི་ཞིག་བྱས་ཀྱང་གནས་སྟངས་དེ་ཐབས་རྡུགས་ཤིག་ཏུ་འགྱུར་ཤས་ཆེ་ཞེས་བསྟན། སྲིད་བློན་ནེ་ཐན་ཡ་ཧུའི་མཉམ་སྐྱོང་སྲིད་གཞུང་ཁོངས་ཀྱི་གཡས་ཤོག་ཚོགས་པ་ཁག་གིས་ཧ་མ་སི་ཤོག་ཁག་ལ་གུ་བཤངས་མ་བྱས་པར་གྷ་ཛ་ཐང་གཤོང་ནར་མོར་དཔུང་འཇུག་བྱས་ནས་ཨི་སི་རལ་གྱི་མི་མང་རྣམས་སྐྱོབ་ཐབས་བྱ་དགོས་ཟེར།།

ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་གྷ་ཟ་ཐང་གཤོང་གི་མཚོ་ལམ་དང་ས་མཚམས། མཁའ་ལམ་སོགས་བཀག་ནས་མཐའ་བསྐོར་དགོས། ཨི་སི་རལ་ནས་གྷ་ཟ་ཐང་གཤོང་ལ་གློག་དང་ཆུ། རྡོ་སྣུམ་དང་འབྲུ་རིགས་སོགས་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ་མིན། གྷ་ཟ་ཐང་གཤོང་གི་མི་མང་དཀྱུས་མ་རྣམས་ཉེན་གཡོལ་དུ་སོང་ཞེས་བརྡ་བརྒྱབ། ཨི་སི་རལ་གྱིས་ཨི་ཇེབ་བརྒྱུད་ནས་བུད་མེད་དང་ཕྲུ་གུ་རྣམས་གློད་གྲོལ་འཐོབ་ཐབས་ཀྱི་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཧ་མ་སི་ཤོག་ཁག་གིས་པ་ལི་སི་ཐན་བ་སྟོང་ཕྲག་མང་པོ་བཙོན་བཀྲོལ་མ་ཐོབ་པར་ཨི་སི་རལ་གྱི་སྤྱི་དམངས་དེ་རྣམས་གློད་གྲོལ་གཏོང་རྒྱུའི་རྣམ་འགྱུར་ཙམ་ཡང་མི་སྟོན། དེང་སྐབས་ཨི་སི་རལ་གྱི་བཙོན་ཁང་ཁག་ཏུ་པ་ལི་སི་ཐན་བ་༤༤༩༩་བཅུག་ཡོད་པས་བཙོན་པ་བརྗེ་ལེན་གྱི་གྲོས་མཐུན་བྱུང་བའི་དབང་དུ་བཏང་རུང་ཧ་མ་སི་དང་པ་ལི་སི་ཐན་གྱི་དྲག་སྤྱོད་ཤོག་ཁག་གཞན་ཚོས་ཨི་སི་རལ་གྱི་དམག་མི་བཟུང་ཡོད་པ་རྣམས་ལས་སླ་པོར་གློད་གྲོལ་གཏོང་མི་སྲིད། ཨི་སི་རལ་ལ་མི་འབོར་ས་ཡ་༧་ལྷག་ལས་མེད་པས་མི་ཉུང་ཤས་ཤིག་གི་ཚེ་སྲོག་ཤོར་ཡང་རྒྱལ་ཡོངས་སུ་གཡོ་འཁྱོམ་ཆེན་པོ་ཞིག་ཐེབས་ཐུབ།།

ཕྱི་ཟླ་༡༠་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་ནི་༡༩༨༧་ལོར་ཨི་སི་རལ་གྱི་དབང་བསྒྱུར་ལ་གྱེན་ལོག་ཐེངས་དང་པོ་བྱས་པའི་སྐབས་སུ་ཤཱེག་ཡ་སིན་ཞེས་པ་ཞིག་གིས་བཙུགས། ཧ་མ་སི་ཞེས་པའི་གོ་དོན་ནི་ཁ་ཆེའི་བཙན་རྒོལ་ལས་འགུལ་ཚོགས་པ་ཟེར་གྱི་ཡོད་པ་དང་ཚོགས་པ་དེའི་ལྟ་གྲུབ་ཀྱི་འབྱུང་རྩ་༡༩༢༠་རྩ་གྲངས་སུ་ཨི་ཇེབ་ཏུ་ཚུགས་པའི་ཁ་ཆེ་ཕུ་ནུ་ཚོགས་པའི་ལྟ་གྲུབ་དང་མཐུན། འདས་པའི་ལོ་མང་རིང་ཨི་རན་དང་ལེ་བྷ་ནན་གྱི་ཧུ་ཛི་བྷུ་ལ་ཤོག་ཁག ཏུར་ཀི་དང་ཁ་ཊར་སོགས་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཧ་མ་སི་ཤོག་ཁག་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ། དམག་སྦྱོང་སོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡོངས་སུ་གྲགས། ༢༠༠༦་ལོར་ཧ་མ་སི་ཤོག་ཁག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་ཕྱི་ལོ་དེར་གྷ་ཟ་ཐང་གཤོང་གི་སྲིད་དབང་ཕྲོགས། པ་ལི་སི་ཐན་གྱི་གྷ་ཟ་ཐང་གཤོང་ནར་མོ་དེར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༥་ལས་མེད་པ་དེའི་ཐོག་ཏུ་མི་འབོར་ས་ཡ་༢་ལྷག་འདུས་ཏེ་འཛམ་གླིང་མི་ཚོགས་མཐུག་ས་ཞིག་ཏུ་གྱུར། གྷ་ཟའི་ཕྱོགས་གཅིག་དཀྱིལ་ཐིག་རྒྱ་མཚོ་དང་ཕྱོགས་གཅིག་ཨི་ཇེབ། གྷ་ཟའི་ཕྱོགས་གཉིས་ཨི་སི་རལ་ལ་འདྲེས།།

ཧ་མ་སི་ཤོག་ཁག 7/19 /2023
ཧ་མ་སི་ཤོག་ཁག 7/19 /2023

ཧ་མ་སི་ཤོག་ཁག་གི་རྩ་འཛིན་བཅའ་ཁྲིམས་སུ་ཨི་སི་རལ་ཞེས་འབོད་པའི་ཇིའུ་མི་རིགས་ཀྱི་རྒྱལ་ཁབ་དེ་དཀྱིལ་ཤར་ས་ཁུལ་ནས་རྩ་མེད་གཏོང་དགོས་ཞེས་འཁོད། ཧ་མ་སི་ཤོག་ཁག་གི་རང་སྲོག་བློས་གཏོང་བ་ཚོས་ཨི་སི་རལ་གྱི་དམག་དང་མི་མང་དཀྱུས་མ་བཅས་ལ་གཏོར་རྒོལ་ལན་མང་བྱས་པར་མ་ཟད། ༡༩༩༧་ནས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཧ་མ་སི་ཤོག་ཁག་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཏུ་བརྩིས། རྒྱལ་སྤྱིའི་ཐོག་ཏུ་པ་ལི་སི་ཐན་གྱི་ཧྥ་ཐ་དབང་འཛིན་ཤོག་ཁག་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཧྥ་ཐ་ཤོག་ཁག་གིས་གྷ་ཟ་ཐང་གཤོང་ནར་མོར་དབང་བསྒྱུར་གྱི་སྟོབས་ཤུགས་ཉམས། ཁོ་ཚོས་འཇོར་ཌན་ཆུའི་ནུབ་ཕྱོགས་ཀྱི་པ་ལི་སི་ཐན་རང་སྐྱོང་ས་ཁུལ་གཅིག་པུར་དབང་བསྒྱུར་བྱེད་ཀྱི་ཡོད་མོད། འོན་ཀྱང་གྷ་ཟ་ཚུད་པའི་པ་ལི་སི་ཐན་གྱི་མི་དམངས་བརྒྱ་ཆ་༧༠་ཐམ་པས་ཧ་མ་སི་ཤོག་ཁག་གི་དབང་བསྒྱུར་ལ་མོས་མཐུན་མེད་ཀྱང་བྱ་ཐབས་ཟད། ཧ་མ་སི་ཤོག་ཁག་གིས་གྷ་ཟ་ཐང་གཤོང་ནར་མོའི་མི་དམངས་ལ་འཇིགས་སྐུལ་དང་བཙན་དྲག་ཁོ་ནས་དབང་བསྒྱུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཚོས་ཨི་སི་རལ་གྱིས་གྲོས་མཐུན་ཁག་ལ་བརྩི་མེད་བཏང་ནས་འཇོར་ཌའི་ཆུ་བོའི་ནུབ་ཕྱོགས་སུ་ཇིའུ་མི་རིགས་ཀྱི་གཞིས་ཆགས་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་དང་པ་ལི་སི་ཐན་ལ་རང་བཙན་སྤྲོད་རྒྱུ་ནར་འགྱངས། ཨི་སི་རལ་གྱི་གཞིས་ཆགས་རྒྱ་སྐྱེད་ལ་ངོ་རྒོལ་བྱེད་མཁན་པ་ལི་སི་ཐན་བ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་འདུག ཨི་སི་རལ་གྱི་གཞིས་ཆགས་རྒྱ་སྐྱེད་དེ་རྒྱལ་སྤྱིའི་ཁྲིམས་ལ་མི་མཐུན་པ་ཞིག་རེད་ཅེས་དྲག་པོའི་གྱེན་ལོག་ལངས། ཧ་མ་སི་ཤོག་ཁག་ལ་འཐབ་མོ་བ་ཁྲི་ཚོ་༤་ལྷག་ཡོད་པ་དེའི་ཁོངས་ནས་འཐབ་མོ་བ་༡༠༠༠་ལྷག་ཕྱི་ཟླ་༡༠་པའི་ཚེས་༧་གྱི་གཏོར་རྒོལ་ལ་ཞུགས་པ་ཡིན་ཞེས་བསྒྲགས། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་ལ་འཐབ་མོ་བ་༣༠༠༠༠་ལྷག་ཡོད་པ་དང་སྤྱི་ལེ་༢༥༠་ཙམ་ལ་སྙོབ་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་འདུག་ཅེས་གསལ་བསྒྲགས་སྤེལ། ཐེངས་འདིར་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་མེ་ཤུགས་འཕུར་མདའ་༧༠༠༠་ཡས་མས་ཤིག་འཕངས་ནས་གཏོར་རྒོལ་བྱས་ཀྱང་མེ་ཤུགས་འཕུར་མདའ་མང་ཆེ་བ་ཨི་སི་རལ་གྱིས་བར་སྣང་དུ་གཏོར་ཡོད་པའི་གནས་ཚུལ་ཐོན་འདུག

ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ལ་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས་པའི་རྗེས་སུ་པ་ལི་སི་ཐན་བ་༡༢༤༠༠༠་ལྷག་རང་ཁྱིམ་ནས་སློབ་གྲྭ་ཁག་དང་དབུལ་སྐྱོབ་ཁང་སོགས་ལ་བྲོས། ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་དུ་ཆགས་ཡོད་པའི་ཧ་མ་སི་ཤོག་ཁག་གི་ལས་ཁུངས་ཁག་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་ཡོད་ཀྱང་དེའི་ཞོར་དུ་པ་ལི་སི་ཐན་གྱི་མི་མང་དཀྱུས་མ་ཚོར་བསད་རྨས་ཚབས་ཆེན་ཕོག པ་ལི་སི་ཐན་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཉུང་མཐའ་ཡང་གྷ་ཟ་ཐང་གཤོང་དུ་པ་ལི་སི་ཐན་བ་༧༠༠་མ་ཟིན་ཞིག་ལ་སྲོག་སྐྱོན་དང་མི་༣༠༠༠་ལྷག་ལ་རྨས་སྐྱོན་ཕོག་འདུག་ཅེས་གཞི་གྲངས་བཏོན། ཁ་སང་གཟའ་ཟླ་བའི་ཉིན་ཧ་མ་སི་ཤོག་ཁག་གིས་ལོ་ན་༡༩་ལ་སོན་པའི་ཨི་སི་རལ་གྱི་དམག་མི་ཞིག་གི་འདྲ་པར་བཀྲམ་སྟེ་དམག་མི་དེ་ཨི་སི་རལ་གྱིས་གཏོར་རྒོལ་བྱས་ནས་བསད་སོང་ཞེས་བཀྲལ། རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་དེ་བདེན་པ་ཡིན་མིན་ངེས་གཏན་བྱ་ཐབས་བྲལ། གྷ་ཟ་ཐང་གཤོང་ནར་མའི་སྲང་ལམ་ཐམས་ཅད་ས་རྡོ་དང་ཁང་པ་ཞིག་རོ། རླངས་འཁོར་འཚིག་རོ་བཅས་ཀྱིས་ཁེངས་ཏེ་གོམ་པ་སྤོ་ས་མེད་པའི་གནས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG