ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པས་རྒྱ་ནག་ལ་ཡིད་ཆེས་བརླགས་སོང་ཟེར། 


རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་ཌོ་ཝལ་
རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་ཌོ་ཝལ་

༄༅།། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་ཌོ་ཝལ་དང་རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཝང་དབྱི་གཉིས་ལྷོ་ཨ་ཧྥི་རི་ཀར་ཐུག་འཕྲད་བྱུང་གྲོས་མོལ་བྱུང་ཞིང་། ཕྱི་ཟླ་༧་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་ཇཱི་ཏ་ཌོ་ཝལ་གྱིས་ཝང་དབྱི་ལ་༢༠༢༠་ལོར་ཧིན་བོད་ས་མཚམས་ཀྱི་ནུབ་ཕྱོགས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་པའི རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བར་ཡིད་ཆེས་བརླགས་པ་དང་རྒྱ་གར་མི་དམངས་རྣམས་ཆབ་སྲིད་ཀྱི་གཞི་རྩའི་ཐོག་ཏུ་རྒྱ་ནག་ལ་ཡིད་ཆེས་མེད་པར་གྱུར་སོང་། རྒྱ་དཀར་ནག་གི་འབྲེལ་བ་སླར་གསོ་བྱ་དགོས་ན་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་རྒྱུའི་འབད་བརྩོན་བྱ་དགོས། ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་ནས་འབྲེལ་བ་སླར་གསོ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག རྒྱ་དཀར་ནག་གི་མཐོ་རིམ་ལས་སྣེ་གཉིས་ཀྱིས་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་ཁོ་ན་མིན་པར་ཨེ་ཤི་ཡ་དང་འཛམ་གླིང་སྤྱི་ལ་ཁེ་ཕན་ཡོད་པར་བློ་ཁ་གཅིག་ཏུ་མཐུན།།

ཉེ་ཆར་ཨིན་རྡུ་ནེ་ཤི་ཡར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་འདུའི་ཐོག་ཏུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་དང་རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཝང་དབྱི་གཉིས་ཐུག་འཕྲད་གྲོས་མོལ་བྱུང་། ད་ལྟ་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་སུ་དམག་གྲ་བསྒྲིགས་ནས་ལོ་གསུམ་ལྷག་སོང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་རྒྱ་དཀར་ནག་གི་འགལ་ཟླ་སེལ་རྒྱུ་ཧ་ཅང་དཀའ་ངལ་ཆེ་བའི་ལས་དོན་ཞིག་རེད། རྒྱ་གར་གྱི་ངོས་ནས་ས་མཚམས་སུ་ཞི་བདེ་བརྟན་ལྷིང་མེད་པར་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་མི་ཐུབ་པའི་ལངས་ཕྱོགས་བཟུང་ཡོད་ཅེས་བསྒྲགས། རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཝང་དབྱིས་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པར་ཕྱོགས་གཉིས་ཀྱི་འཐབ་ཇུས་ཀྱི་ཡིད་ཆེས་སླར་གསོ་བྱ་དགོས། རྒྱ་དཀར་ནག་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ནས་ཕྱོགས་གཉིས་མཉམ་འབྲེལ་བྱ་རྒྱུར་དམིགས་པ་གཏོད་དགོས། རྒྱ་ནག་གིས་ནམ་ཡང་གཞན་ལ་བཙན་གནོན་གྱི་འཐབ་ཇུས་འཛིན་མི་སྲིད། རྒྱ་གར་ཚུད་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་མཉམ་འབྲེལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༧་པའི་ཚེས་༢༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཝ་དབྱི་དང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཌོ་ཝལ་གཉིས་ཀྱིས་ལྷོ་ཨ་ཧྥི་རི་ཀར་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་དང་བྷར་ཛིལ་བཅས་རྒྱལ་ཁབ་ལྔའི་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་བྱས་འདུག ཡིན་ནའང་ཉིན་ཤས་གོང་དུ་རྒྱ་ནག་གི་གློག་ཤུགས་རླངས་འཁོར་བཟོ་ཚོང་ཁང་(BYD)་གིས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༠་མ་རྩ་བཙུགས་ནས་གློག་ཤུགས་རླངས་འཁོར་བཟོ་གྲྭ་འཛུགས་རྒྱུར་ཆོག་མཆན་མ་སྤྲད། ཝང་དབྱིས་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པར་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའམ། ཡང་ན་ཕན་ཚུན་ཁ་གཏད་བཅག་ནས་ནུས་ཟད་ལ་འགྱུར་དུ་བཅུག་པ་སོགས་ཅི་ཞིག་བྱུང་ཡང་འབྲེལ་ཡོད་རྒྱལ་ཁབ་གཉིས་དང་འཛམ་གླིང་སྤྱིའི་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བ་ཡོད། རྒྱ་དཀར་ནག་གཉིས་ཕན་ཚུན་ཉེན་ཁ་ཞིག་མིན་པ་དང་མཉམ་འབྲེལ་བྱས་ན་ཕྱོགས་གཉིས་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཐོབ་ཐུབ་པའི་ངོས་འཛིན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ཡིག་ཆའི་ནང་དུ་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པས་རྒྱ་དཀར་ནག་གི་ལས་དབང་དམ་པོར་སྦྲེལ་ཡོད་པར་ངོས་ལེན་ཡོད། ང་ཚོས་ཐུན་མོང་གི་ཁེ་ཕན་ཆེད་དུ་ཕྱོགས་གཉིས་ཀྱི་ཡིད་ཆེས་སླར་གསོ་བྱ་དགོས་པའང་གནད་འགག་ཆེན་པོར་རྩི་བཞིན་ཡོད། རྒྱ་གར་གྱིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་གཉིས་མོས་དང་ཕན་ཚུན་བརྩི་བཀུར་ཡོད་པའི་ཐོག་ནས་ས་མཚམས་ཀྱི་རྩོད་གཞི་དེ་རྩ་བའི་ཆ་ནས་སེལ་ཐབས་ཤིག་འཚོལ་རྒྱུའི་འདུན་པ་ཡོད་ཅེས་བཤད་པ་རེད་ཟེར། ༢༠༢༠་ལོའི་ཕྱི་ཟླ་༥་པའི་ནང་དུ་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་ནས་རྒྱ་གར་གྱི་དམག་མི་༢༠་དང་རྒྱ་དམག་༤་བསད། དེའི་རྗེས་སུ་རྒྱ་དཀར་ནག་གི་དམག་དཔོན་རིམ་པ་ཐུག་འཕྲད་གྲོས་མོལ་ཐེངས་༡༨་བྱས་ནས་དམག་འཁྲུག་འགོག་ཐབས་སུ་འབད། རྒྱ་གར་གཞུང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དུ་འཇུག་གི་མེད་པར་རྒྱ་ནག་གིས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཝང་དབྱི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱས་པའི་སྐབས་སུ་རྒྱ་གར་གྱིས་དབྱེ་འབྱེད་མེད་པ་དང་ཕྱི་གསལ་ནང་གསལ། དྲང་སྙོམས་བྱས་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་ཀྱི་ཁོར་ཡུག་སྤྲོད་དགོས་ཞེས་འབོད་སྐུལ་ཞུས།།

ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་དཀར་ནག་གཉིས་དང་བྷར་ཛིལ། ལྷོ་ཨ་ཧྥི་རི་ཀ་དང་ཨུ་རུ་སུ་བཅས་ཀྱིས་རང་གི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཐད་མཉམ་འབྲེལ་བྱ་དགོས་པའི་གྲོས་གཞི་བཏོན་ཡང་ཡུཀ་རེན་གྱི་དམག་འཁྲུག་དང་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་པ་སོགས་ཀྱིས་གྲོས་གཞི་ངོ་མ་དེར་གླེང་སློང་ལྷུག་པོ་མ་ཐུབ། གོང་འཁོད་རྒྱལ་ཁབ་ལྔས་འཛམ་གླིང་གི་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༣༡་ཟིན། ༢༠༡༤་ལོར་རྒྱལ་ཁབ་ལྔའི་ཡར་རྒྱས་དངུལ་ཁང་བཙུགས་ཏེ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། ཁོ་ཚོས་ཨ་སྒོར་བཀོལ་སྤྱོད་བྱེད་མི་དགོས་པར་ཚོགས་འཐུས་རྒྱལ་ཁབ་ལྔའི་ནང་ཁུལ་དུ་རང་རང་གི་དངུལ་སྒོར་སྤྲོད་ལེན་བྱས་ནས་ཚོང་ལས་གཉེར་རྒྱུའི་ཐག་བཅད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་སུ་༢༠༠༦་ལོར་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཀ་དང་བྷར་ཛིལ་ལྔས་མཐུན་ཚོགས་དེ་བཙུགས། གཟའ་ཟླ་བའི་ཉིན་བྷེ་ལོ་རུ་སི་དང་བྷུ་རུ་ནེ། ཀུ་པ་དང་ཨི་ཇེབ། ཨི་རན་དང་ཁ་ཛག་སི་ཐན། སོ་ཌི་ཨ་རེ་བྷི་ཡ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་སོགས་རྒྱལ་ཁབ་༢༢་ཚོགས་ཁོངས་དེར་ཞུགས་རྒྱུའི་སྙན་ཞུ་ཕུལ་བའི་གནས་ཚུལ་ཐོན་འདུག

རྒྱ་ནག་དང་ཨུ་རུ་སུ་གཉིས་རྒྱལ་ཁབ་ལྔའི་མཐུན་ཚོགས་དེ་རྒྱ་བསྐྱེད་རྒྱུའི་འདོད་པ་ཡོད་ཀྱང་རྒྱ་གར་དང་བྷར་ཛིལ། ལྷོ་ཨ་ཧྥི་རི་ཀ་གསུམ་རང་གི་ཤུགས་རྐྱེན་ཉམས་སྲིད་པར་སྐྲག་སྟེ་ཚོགས་འཐུས་མང་དུ་གཏོང་རྒྱུར་འཐད་ཀྱི་མེད་ཅིང་། དེ་བཞིན་རྒྱལ་ཁབ་ལྔའི་མཐུན་ཚོགས་དེ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁ་ལ་ཁག་གཏད་གཅོད་པའི་སྒྲིག་འཛུགས་ཤིག་ཡིན་རུང་རྒྱ་གར་གྱི་ཨ་རིར་འབྲེལ་བ་དམ་ཟབ་བཙུགས། ཟླ་སྔོན་མར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་རྒྱལ་སྲུང་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཁ་གཏད་དུ་འཛིན་གྱི་ཡོད་ཀྱང་རྒྱ་གར་གྱིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨུ་རུ་སུ་ནས་མུ་མཐུད་དུ་རྡོ་སྣུམ་ནང་འདྲེན་བྱས་ནས་ཚོང་ལས་རྒྱུན་བསྐྱངས། ལྷོ་ཨ་ཧྥི་རི་ཀའི་ཚོགས་འདུའི་ཐོག་ཏུ་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་རྟགས་མཚན་ཐོན།།

ཕྱི་ཟླ་༧་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཝང་དབྱིས་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཌོ་ཝལ་ལ་ན་ནིང་ཕྱི་ཟླ་༡༡་པའི་ནང་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་མཚོ་གླིང་དུ་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་ཞོར་དུ་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཕྱོགས་ཀྱི་འབྲེལ་བ་སླར་གསོ་བྱ་རྒྱུའི་གྲོས་མཐུན་བྱུང་བ་རེད་ཅེས་དྲན་བྱས་འདུག ཡིན་ནའང་རྒྱ་གར་གྱི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་མཚོ་གླིང་དུ་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་༢༠་པའི་ཚོགས་ཆེན་མཇུག་བསྡུའི་དགོང་མོའི་གསོལ་སྟོན་ཐོག་ཏུ་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་སྟེ་འཚམས་འདྲི་ཞུས་པ་ཙམ་ལས་གྲོས་མཐུན་བྱུང་བ་ཅི་ཡང་མ་གསལ། སྐབས་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཀྱང་ཞིས་ཅིན་ཕིང་དང་མོ་དྷི་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་རེད་ཅེས་གསལ་བསྒྲགས་སྤེལ་བ་རྙེད་རྒྱུ་མེད་པའི་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༧་པའི་ཚེས་༢༢་ཉིན་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཕྱོགས་གཅིག་ནས་རྒྱ་གར་ལ་འབྲེལ་བ་སླར་གསོ་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་དེར་པ་ཀི་སི་ཐན་གྱི་མཚོ་དམག་དེང་རབས་ཅན་དུ་བསྒྱུར། པ་ཀི་སི་ཐན་གྱིས་རྒྱ་གར་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་ཆེ་རུ་གཏོང་གི་འདུག འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་ནག་གི་སྟོབས་ཤུགས་ཁྱབ། པ་ཀི་སི་ཐན་གྱི་ཆབ་སྲིད་བརྟན་ལྷིང་མེད་པ་དང་དཔལ་འབྱོར་དཀའ་ངལ་ཡོད་ཀྱང་རྒྱལ་ཁབ་དེའི་མཚོ་དམག་ཡར་རྒྱས་གཏོང་རྒྱུ་མཚམས་མ་ཆད། རྒྱ་ནག་གིས་པ་ཀི་སི་ཐན་གྱི་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ༢༠༡༦་ལོར་པ་ཀི་སི་ཐན་གྱིས་རྒྱ་ནག་ནས་ཨ་སྒོར་དུང་ཕྱུར་༥༠་ཐམ་པའི་མཚོ་འོག་དམག་གྲུ་༨་ཉོ་རྒྱུའི་གྲོས་མཐུན་བཞག མཚོ་འོག་དམག་གྲུ་༤་རྒྱ་ནག་ཏུ་བཟོས་ཏེ་༢༠༢༣་གྱི་ལོ་མཇུག་ཏུ་པ་ཀི་སི་ཐན་ལ་རྩིས་སྤྲོད་བྱ་རྒྱུ། དམག་གྲུ་ལྷག་མ་༤་པ་ཀི་སི་ཐན་གྱི་ཀ་ར་ཆིའི་གྲུ་ཁ་ཞིག་ཏུ་བཟོས་ཏེ་༢༠༢༨་ལོར་པ་ཀི་སི་ཐན་གྱི་མཚོ་དམག་ལ་རྩིས་སྤྲོད་བྱ་རྒྱུའི་དུས་བཀག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG