ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

སོག་ཡུལ་གྱིས་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་ལ་རྩིས་མེད་བྱས་ནས་པུ་ཊིན་ལ་བསུ་བ་བྱས་པའི་མཇུག་འབྲས།


ཨུ་རུ་སུའི་སྲིད་འཛིན་ཕོ་ཏིན་སོག་ཡུལ་དུ་གཟིགས་སྐོར།
ཨུ་རུ་སུའི་སྲིད་འཛིན་ཕོ་ཏིན་སོག་ཡུལ་དུ་གཟིགས་སྐོར།

རེས་གཟའ་ཟླ་བའི་ཉིན་སོག་པོའི་རྒྱལ་ས་ཨུ་ལཱན་སྦྭ་ཏར་གྱི་གནམ་ཐང་དུ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་གནམ་གྲུ་བབས་ནསས་པུ་ཊིན་སོག་པོའི་ས་ཐོག་རྐང་པ་བཙུགས་པ་དང་འཛིན་བཟུང་བྱེད་དགོས་ཀྱི་ཡོད་ཀྱང་། སོག་པོས་དེ་ལྟར་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ལས་ལྡོག་སྟེ་པུ་ཊིན་ལ་བསུ་བ་དང་སྣེ་ལེན་ཟབ་རྒྱས་བྱས་པ་དང་། པུ་ཊིན་གྱི་ལྟ་སྐོར་ཟིན་རྗེས་ཨུ་རུ་སུ་ལ་ཕྱིར་ལོག་བྱེད་བཅུག་སྟེ་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་སྐུ་དབང་ཚོད་འཛིན་བྱས་པ་རེད།

སོག་པོ་ནི་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་བཀའ་རྒྱ་ཁྱབ་སའི་ཁྲིམས་ཁང་དེའི་ཚོགས་མི་རྒྱལ་ཁབ་༡༢༤ཡོད་པ་ནས་གཅིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ལ་སོག་པོའི་ས་ཐོག་པུ་ཊིན་སླེབས་ན་སོག་པོས་པུ་ཊིན་འཛིན་བཟུང་བྱས་ཏེ་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད། པུ་ཊིན་འཛིན་བཟུང་རྩིས་སྤྲོད་བྱེད་དགོས་པ་དེ་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གིས་ཕྱི་ལོ་༢༠༢༣་གྱི་ཕྱི་ཟླ་༣་པར་བཅད་ཁྲའི་བཀའ་རྒྱ་བཀྲམ་པ་ནས་བཟུང་སོག་པོ་ནི་རྒྱལ་སྤྱིའི་ཁྲིམས་ཁང་དེའི་ཁྱབ་ཚད་ཀྱི་ཚོགས་མི་རྒྱལ་ཁབ་གང་ཞིག་གི་ས་ཐོག་པུ་ཊིན་འབྱོར་བ་དང་པོ་རེད།

ཕྱི་ལོ་༢༠༢༢་གྱི་ཕྱི་ཟླ་གཉིས་པར་ཨུ་རུ་སུས་ཡུ་ཀེ་རེན་ལ་དཔུང་འཇུག་བྱས་རྗེས་ཡུ་ཀེ་རེན་གྱི་ཕྲུག་གུ་འཕོན་ཆེ་ཨུ་རུ་སུར་བཙན་ཁྲིད་བྱས་ནས་དམག་གི་སྒྲིག་ཁྲིམས་བརྒལ་བའི་ཁྲིམས་འགལ་གྱི་དོན་ཚན་སོགས་དང་འབྲེལ་ནས་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གིས་པུ་ཊིན་ལ་ཁྲིམས་བཤེར་གནང་ཡོད་པ་དང་། ཁྲིམས་ཁང་གིས་པུ་ཊིན་འཛིན་བཟུང་རྩིས་སྤྲོད་བྱེད་དགོས་པའི་བཅད་ཁྲ་རྒྱལ་སྤྱི་ཁྱོན་ལ་བཀྲམ་ཡོད་ཅིང་། པུ་ཊིན་འཛིན་བཟུང་རྩིས་སྤྲོད་བྱ་རྒྱུའི་འགན་ཁྲིམས་ཁང་དེའི་ཚོགས་མི་རྒྱལ་ཁབ་ཚོར་ཡོད་པ་རེད།

རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་
རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་

དྲང་ལྡན་དང་ནུས་པ་ལྡན་པའི་འཛམ་གླིང་སྤྱིའི་ཁྲིམས་ཁང་ཞིག་བསྐྲུན་ཐབས་ལ་ཡུན་རིང་འབད་བརྩོན་བྱས་རྗེས ༡༩༩༨ ལོར་ཨི་ཊ་ལིའི་རྒྱལ་ས་རཱོམ་དུ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་གི་མཐའ་དོན་ལ་རཱོམ་བཅའ་ཡིག་ཅེས་པ་གཏན་འབེབས་བྱུང་པའི་འབྲུ་དོན་འོག་༢༠༠༢ལོར་རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་ཞེས་པ་གསར་འཛུགས་བྱས། དེས་གཙོ་བོ་མི་རིགས་སྡེབ་གསོད་དང་། འགྲོ་བ་མི་ལ་གནོད་འཚེ་ཚབས་ཆེའི་ཉེས་སྤྱོད་དང་། དམག་གི་སྒྲིག་ཁྲིམས་འགལ་བའི་ཉེས་ཅན། བཙན་འཛུལ་གྱི་ཉེས་ཅན་པ་སོགས་བྱེད་ལྟེ་སྐྱེ་བོ་སྒེར་ལ་ཁྲིམས་ཞིབ་དང་བཅད་ཁྲ་གཏོང་རྒྱུའི་འགན་དབང་ཡོད་པའི་ཁྲིམས་ཁང་གཅིག་རེད། ཁྲིམས་ཁང་དེས་རྒྱལ་ཁབ་བྱེ་བྲག་གི་ཁྲིམས་ཀྱི་ཁྱབ་ཚད་མེད་པའི་ཉེས་ཅན་ལ་ཁྲིམས་ཞིབ་དང་ཁྲིམས་གཅོད་ཀྱི་ཐབས་ལམ་དང་འགྲོ་ལུགས་ཞིག་བསྐྲུན་ཐུབ་ཡོད་པར་བརྟེན་ནས་འཛམ་གླིང་སྤྱིའི་ཁྲིམས་ཁང་ནུས་པ་ལྡན་པ་བསྐྲུན་ཐབས་ལ་ཡུན་རིང་འབད་བརྩོན་བྱས་པའི་གནད་འགག་ཆེན་པོ་ཞིག་ལ་བརྩི་སྲོལ་ཡོད། འོན་ཀྱང་ད་ལྟའི་གནས་སྐབས་འདིར་ཁྲིམས་ཁང་དེ་འ་ཆད་འུ་ཐུག་གི་མཚམས་ལ་སླེབས་པ་རྣམས་ཀྱིས་གཏུག་བཤེར་བྱེད་སའི་ཁྲིམས་ཁང་ཞིག་ལའང་བརྩི་སྲོལ་ཡོད། ད་ལྟའི་ཆར་ཉེས་སྤྱོད་ཚབས་ཆེན་དེ་འདྲ་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁྲིམས་ཞིབ་དང་ཁྲིམས་གཅོད་མ་ཐུབ་པའམ་མ་བྱད་པའི་དོན་རྐྱེན་འ་ཆད་འུ་ཐུག་ཚོར་ཁྲིམས་ཁང་དེས་ཕྱག་འཆང་སྲོལ་ཡོད་པ་མ་ཟད། བཅད་ཁྲ་དང་བཀའ་ཁྱབ་བཏང་ཆོག་ཀྱང་། ཁྲིམས་ཁང་དེའི་བཅད་ཁྲར་བཀའ་རྩིས་དང་ལེན་མི་བྱེད་མཁན་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པ་རེད། འོན་ཀྱང་ཁྲིམས་ཁང་དེ་བཙུགས་པ་ནས་བཟུང་མི་༥༠་ལྷག་ཁྲིམས་ཁང་དུ་འབོད་འགུག་བྱས་ཡོད་པ་དང་། དེ་དག་མང་ཆེ་བ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་བཀའ་འགུག་བྱས་ཡོད།

སོག་པོས་པུ་ཊིན་འཛིན་བཟུང་རྩིས་སྤྲོད་མི་བྱེད་ཅི་ཡིན་ནམ།

སོག་པོས་ཕྱི་ལོ་༢༠༠༣་གྱི་ལོ་ནས་རྒྱལ་སྤྱིའི་ནག་ཉེས་ཅན་གྱི་ཁྲིམས་ཁང་གི་ཚོགས་ཁོངས་སུ་ཞུགས་ཡོད་པ་མ་ཚད་ན་ནིང་༢༠༢༣་གྱི་ལོར་སོག་པོའི་ཁྲིམས་དཔོན་ཞིག་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་དཔོན་གྱི་ལྷན་ཚོགས་སུ་བསྐོ་བཞག་བྱུང་ཡོད། རྒྱུ་མཚན་དེ་དག་ལ་གཞིགས་ན། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་འཛིན་བཟུང་རྩིས་སྤྲོད་དགོས་པའི་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་བཅད་ཁྲ་ལ་སོག་པོས་རྩིས་སྲུང་བྱེད་དགོས་ཀྱི་ཡོད་ནའང་། ད་ལམ་སོག་པོས་རྩིས་མེད་ཀྱིས་པུ་ཊིན་འཛིན་བཟུང་རྩིས་སྤྲོད་བྱས་མེད། དེའི་རྒྱུ་མཚན་སྐོར་ལ་སོག་པོའི་མགྲིན་ཚབ་པ་ཞིག་གིས་ཨ་རིའི་གསར་ཁང་པྭོ་ལི་ཊི་ཁྭོ་ལ་གསུངས་གསལ། སོག་པོའི་རྡོ་སྣུམ་གྱི་དགོས་མཁོ་ཡོངས་ཀྱི་བརྒྱ་ཆ་༩༥་ཙམ་དང་གློག་གི་བརྒྱ་ཆ་༢༠་ལྷག་ཨུ་རུ་སུ་ལ་བརྟེན་དོས་ཀྱི་ཡོད་པས་སོག་པོའི་རྒྱལ་ཁབ་དང་མི་མང་གི་འཚོ་གནས་བརྟན་པོ་བཟོ་རྒྱུར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་འཛིན་བཟུང་བྱས་མེད་ཅེས་་གསུངས་འདུག དོན་དངོས་ལ་སོག་པོ་ནི་ཨུ་རུ་སུ་དང་རྒྱ་མིས་མཐའ་བསྐོར་བ་སོགས་ལ་བརྟེན་ནས་ཡུལ་བབ་ཆབ་སྲིད་ཐད་ནས་ཀྱང་སོག་པོ་བྱེད་སྟབས་བདེ་པོ་མེད།

སོག་པོར་མཇུག་འབྲས་ཅི་འདྲ་ཡོང་སྲིད་དམ།

ད་ལམ་སོག་ཡུལ་གྱིས་པུ་ཊིན་སོག་ཡུལ་ལ་འགྲོ་འོང་མ་བྱས་གོང་ཙམ་ལ་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་མགྲིན་ཚབ་པ་ཨྭེལ་ཨབ་ཌ་ལྭས་བསྒྲགས་གཏམ་སྤེལ་བའི་ནང་གལ་ཏེ་པུ་ཊིན་འཛིན་བཟུང་རྩིས་སྤྲོད་དགོས་པའི་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་བཅད་ཁྲ་ལ་མཐུན་འགྱུར་མ་བྱས་ན་ཁྲིམས་ཁང་དེའི་ཁྲིམས་ཞིབ་པ་ཚོས་ཚོགས་མི་རྒྱལ་ཁབ་ཚོ་ལ་བརྡ་ཐོ་གཏོང་སྲིད་པ་དང་། དེ་མཚམས་ཁྲིམས་ཁང་དེའི་ཚོགས་མི་རྒྱལ་ཁབ་༡༢༤ སོག་ཡུལ་གྱི་ཐག་གཅོད་ལ་མཇུག་འབྲས་འོས་མཚམས་ཞིག་ཐག་གཅོད་བྱེད་དགོས་འགྱུར་གྱི་རེད་ཅེས་གསུངས་འདུག དབྱེ་ཞིབ་པ་གཞན་ཚོས་གསུངས་གསལ་ལ་སོག་པོས་བཅད་ཁྲར་རྩིས་མེད་བཏང་བ་དང་པུ་ཊིན་ལ་སྣེ་ལེན་ཟབ་རྒྱས་བྱས་པ་དེ་ནི་ཨུ་རུ་སུའི་དམག་དཔུང་གི་ནག་ཉེས་ལ་རྩིས་མེད་བཏང་བས་མ་ཚད། དབང་ཆེན་ཡིན་ནའང་ཁྲིམས་ས་ནས་མཐར་ས་མེད་པའི་རྩ་འཛིན་ལ་རྩིས་མེད་བརྡལ་བཤིག་བཏང་བ་དང་། སོག་པོ་རང་ཉིད་ངན་པ་ལག་སྦྲེལ་བྱེད་མཁན་གྲས་ལ་ཚུད་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག

སྔོན་ཆད་དེ་ལྟར་བྱུང་མྱོང་ཡོད་དམ།

ཕྱི་ལོ་༢༠༡༥ར་སྭུ་ཌན་གྱིས་སྐབས་དེའི་ཀྱི་སྲིད་འཛིན་ཨོ་མཱར་ཨལ་བྷ་ཤིར་འཛིན་བཟུང་རྩིས་སྤྲོད་དགོས་པའི་རྒྱལ་སྤྱིའི་ནག་ཅན་གྱི་བཅད་ཁྲ་བཏང་བར་ལྷོ་ཨ་ཧྥེ་རི་ཁས་རྩིས་མེད་བཏང་མྱོང་ཡོད། དེ་ལ་སྐྱོན་བརྗོད་དྲག་པོ་བྱུང་ཡོད་པ་དང་། ན་ནིང་པུ་ཊིན་གྱིས་ལྷོ་ཨ་ཧྥེ་རི་ཁར་ཚོགས་ཆེན་ཞིག་ལ་བསྐྱོད་རྩིས་བྱས་དུས་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རཱ་མ་ཧྥོ་ས་ལ་པུ་ཌིན་འཛིན་བཟང་བྱེད་དགོས་པར་རྒྱལ་སྤྱིས་གནོན་ཤུགས་བྱུང་རྗེས་པུ་ཊིན་གྱིས་ཚོགས་ཆེན་དེར་བསྐྱོད་རྒྱུ་ཕྱིར་འཐེན་བྱས།

པུ་ཊིན་སོག་ཡུལ་ལ་འགྲོ་འོང་ནས་ཨུ་རུ་སུས་རེ་བ་གང་བཅངས་ཡོད་དམ།

པུ་ཊིན་འཛིན་བཟུང་རྩིས་སྤྲོད་མི་ཡོང་བའི་ཁས་ལེན་དང་འགན་ལེན་ངེས་བརྟན་མེད་པར་སོག་ཡུལ་ལ་དེ་ལྟར་ཕྱོགས་སྐྱོད་བྱེད་མི་སྲིད་ཀྱང་། དབྱེ་ཞིབ་པ་ཁ་ཤས་ཀྱི་གསུངས་གསལ་ལ། སོག་ཡུལ་ལ་པུ་ཊིན་འགྲོ་འོང་བྱས་པ་དེས་པུ་ཊིན་འཛིན་བཟུང་རྩིས་སྤྲོད་དགོས་པའི་རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་གི་བཅད་ཁྲ་ལ་ཨུ་རུ་སུས་འཕྱ་སྨོད་བྱེད་རྒྱུ་དང་། རྒྱལ་སྤྱིའི་ནག་ཅན་གྱི་ཁྲིམས་ཁང་བརྡལ་བཤིག་གཏོང་རྒྱུ། ཡུ་ཀེ་རེན་གྱིས་དེང་སང་ཨུ་རུ་སུའི་ས་ཁུལ་དུ་བཙན་འཛུལ་གྱིས་ཨུ་རུ་སུ་ལ་ཕམ་ཉེས་ཡོང་བཞིན་པ་དེ་ལ་མི་རྣམས་ཀྱི་དོ་སྣང་ཁ་སྒྱུར། ཨུ་རུ་སུའི་རྒྱལ་ནང་དང་དེ་བཞིན་ཕྱི་རྒྱལ་ཁག་ཏུ་པུ་ཊིན་ནི་འགོ་ཁྲིད་སྟོབས་ཤུགས་ལྡན་པ་ཡིན་པའི་རྣམ་འགྱུར་སྟོན་རྒྱུ་སོགས་ལ་ཕན་ཡོད་སྲིད་པར་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་མཁན་ཡོད་པ་རེད།

ཡུ་རོབ་རང་དབང་རླུང་འཕྲིན་དང་རང་དབང་རླུང་འཕྲིན་ནས་བཏུས།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG